དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཀྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་གནང་མཁན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-12-02

    རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་གསུམ་པའི་རིང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསྟན་ཁོས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་གནང་མཁན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་དང་བཞུགས་མོལ་གནང་སྟེ། ཉམས་མྱོང་དང་བྱ་ཐབས་ཕྱོགས་སྡོམ་བྱས་ནས“འབྲེལ་གཏུག་གཉིས”ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་ཆེད་ཐུན་མོང་གི་ངོས་འཛིན་གཅིག་བསྒྲིལ་ཡོང་བ་བྱས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཅུན་ཚོགས་འདུར་ཕེབས་ཡོད་པ་རེད།

    གཞི་རིམ་གྱི་འཐབ་ས་དང་པོ་ནས་ཕེབས་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རྫོང་རིམ་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་8ཀྱིས་རང་ངོས་ཀྱི་འགན་འཁྲི་བསྒྲུབས་ཚུལ་དང་ཟུང་འབྲེལ་བྱས་ཏེ། ངོས་འཛིན་དང་མྱོང་ཚོར་མཉམ་སྤྱོད་ཀྱིས་བསམ་འཆར་དང་གྲོས་འགོ་བཏོན་གནང་བ་རེད།

    ཚོགས་འདུའི་ཐོག ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བཏོན་གནང་བའི“འབྲེལ་གཏུག་གཉིས”ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང“འབྲེལ་གཏུག་གཉིས”ཀྱི་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ལས་དོན་ཡག་པོ་སྒྲུབ་པའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་ཏན་ཏིག་གཏོང་དགོས་པ་དང་། སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་དང་འབྲེལ་ཡོད་ལམ་ལུགས་འཁོར་སྐྱོད་ལེགས་པོ་དང་འཐུས་སྒོ་ཚང་དུ་བཏང་ནས་འབྲེལ་གཏུག་ལས་ཀའི་སྤུས་ཚད་དང་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡོང་བར་བྱས་ཏེ“དོན་ཆེན་བཞི”དོན་འཁྱོལ་དང“འཛུགས་གཏོད་བཞིར”སྐུལ་འདེད་གཏོང་བའི་ཁྲོད་མིག་དཔེའི་ནུས་པ་འདོན་སྤེལ་བྱས་ནས། ཏང་གི་སེམས་ཁྲལ་སེལ་བ་དང་དམངས་ཀྱི་ཆེད་དུ་སྐད་ཆ་ཤོད་ཐུབ་པ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།