དབུ་ཤོག>སྲིད་དོན།>སྲིད་གཞུང་ཡིག་ཆ།
  • མངའ་རིས་ས་གནས་ཀྱི《གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་གྱི་དོ་དམ་སྲོལ་ཡིག》ལག་བསྟར་བྱེད་པའི་འབྲེལ་ཡོད་དངུལ་ཆད་ཀྱི་བཅད་གྲངས་ཁ་གསལ་བཟོ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན།

    (2024ལོའི་ཟླ་7ཚེས་31ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ཐོག་གྲོས་འཆམ་བྱུང་བ)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-29

    མངའ་རིས་ས་གནས་ཀྱི་གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་དྭངས་ཤིང་གཙང་ལ་མཛེས་སྡུག་ལྡན་པའི་གྲོང་ཁྱེར་གྱི་ལས་དོན་དང་འཚོ་བའི་ཁོར་ཡུག་ཅིག་གཏོད་ཆེད། མངའ་རིས་ས་གནས་ཀྱི《གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་གྱི་དོ་དམ་སྲོལ་ཡིག》(གཤམ་དུ་སྲོལ་ཡིག་ཅེས་བསྡུ་རྒྱུ)ལག་བསྟར་གྱི་འབྲེལ་ཡོད་དངུལ་ཆད་ཀྱི་བཅད་གྲངས་ཁ་གསལ་བཟོ་རྒྱུའི་ཆོད་དོན་བཞག་པ་གཤམ་གསལ་ཏེ།

    གཅིག སྲོལ་ཡིག་གི་དོན་ཚན་སོ་བཞི་པའི་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་རིགས་ལ། ནང་གསེས་དང་པོར་སྒོར་བཅུ་ཡན་ནས་སྒོར་ལྔ་བཅུ་མན་གྱི་དངུལ་ཆད་སྡེབ་གཅོད་བྱས་ཆོག ནང་གསེས་གཉིས་པ་དང་གསུམ་པར་སྒོར་བརྒྱ་ཡན་ནས་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་སྡེབ་གཅོད་བྱས་ཆོག ནང་གསེས་བཞི་པར་གཏན་འབེབས་བྱས་པའི་དུས་ཚོད་དང་། ས་གནས། བྱེད་ཐབས་བཅས་ལྟར་སྐྱག་གཅིན་མི་བཤོ་བའི་རིགས་ལ། ཚན་པར་སྒོར་ཁྲི་ལྔ་ཡན་ནས་སྒོར་ཁྲི་ལྔ་བཅུ་མན་གྱི་དངུལ་ཆད་སྡེབ་གཅོད་བྱས་ཆོག་པ་དང་། མི་སྒེར་ལ་དངུལ་ཆད་སྒོར་བརྒྱ་ཡན་ནས་ལྔ་བརྒྱ་མན་སྡེབ་གཅོད་བྱས་ཆོག ནང་གསེས་ལྔ་པར་འཁོད་པའི་འཕྲོད་བསྟེན་འགན་འཁྲིའི་ཁུལ་གྱི་གད་བདར་གཙང་སྦྲའི་འོས་འགན་མི་སྒྲུབ་པའི་རིགས་ལ། ཚན་པར་སྒོར་ཉིས་སྟོང་ཡན་ནས་སྒོར་ཁྲི་གཅིག་མན་གྱི་དངུལ་ཆད་སྡེབ་གཅོད་བྱས་ཆོག་པ་དང་། མི་སྒེར་ལ་སྒོར་བརྒྱ་ཡན་ནས་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་སྡེབ་གཅོད་བྱས་ཆོག གཏན་འབེབས་ལྟར་གད་སྙིགས་དང་སྐྱག་གཅིན་གཙང་འདྲེན་ནམ་གཙང་སེལ་མི་བྱེད་པའི་རིགས་ལ། སྒོར་ཁྲི་ལྔ་ཡན་ནས་སྒོར་ཁྲི་ལྔ་བཅུ་མན་གྱི་དངུལ་ཆད་སྡེབ་གཅོད་བྱས་ཆོག

    གཉིས། སྲོལ་ཡིག་གི་དོན་ཚན་སོ་ལྔ་པའི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་རིགས་ལ། སྒོར་བརྒྱ་ཡན་ནས་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་སྡེབ་གཅོད་བྱས་ཆོག

    གསུམ། སྲོལ་ཡིག་གི་དོན་ཚན་སོ་དྲུག་པའི་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་རིགས་ལ། ནང་གསེས་དང་པོར་སྒོར་ཉིས་སྟོང་ཡན་ནས་སྒོར་ཁྲི་གཉིས་མན་གྱི་དངུལ་ཆད་སྡེབ་གཅོད་བྱས་ཆོག ནང་གསེས་གཉིས་པར་འཁོད་པའི་དངོས་རྫས་རང་འཚམ་ངང་སྤུངས་རིགས་ལ། སྒོར་ཉིས་བརྒྱ་ཡན་ནས་སྒོར་ཆིག་སྟོང་མན་གྱི་དངུལ་ཆད་སྡེབ་གཅོད་བྱས་ཆོག ནང་གསེས་གསུམ་པར་འཁོད་པའི་ཁོར་ཡུག་འཕྲོད་བསྟེན་གྱི་སྒྲིག་ཆས་གཞན་དག་རང་འཚམ་ངང་བཤིག་པའམ་ཡང་ན་ཆོག་མཆན་ཐོབ་པའི་བཤིག་སྤོའི་ཇུས་གཞི་གཞིར་བཟུང་བཤིག་སྤོ་མི་བྱེད་པའི་རིགས་ལ། སྒོར་ཁྲི་གཉིས་ཡན་ནས་སྒོར་ཁྲི་བཅུ་མན་གྱི་དངུལ་ཆད་སྡེབ་གཅོད་བྱས་ཆོག

    བཞི། སྲོལ་ཡིག་གི་དོན་ཚན་སོ་བདུན་པའི་གཏན་འབེབས་ལས་འགལ་བའི་བྱ་སྤྱོད་རིགས་ལ། སྒོར་ཉིས་སྟོང་ཡན་ནས་སྒོར་ཁྲི་གཅིག་མན་གྱི་དངུལ་ཆད་སྡེབ་གཅོད་བྱས་ཆོག

    ལྔ། སྲོལ་ཡིག་གི་དོན་ཚན་སོ་བརྒྱད་པའི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་རིགས་ལ། སྒོར་ཉིས་བརྒྱ་ཡན་ནས་སྒོར་ཆིག་སྟོང་མན་གྱི་དངུལ་ཆད་སྡེབ་གཅོད་བྱས་ཆོག

    དྲུག སྲོལ་ཡིག་གི་གཏན་འབེབས་དང་འགལ་བའི་བྱ་སྤྱོད་རིགས་ལ། ཆོད་དོན་འདིའི་ནང་དངུལ་ཆད་ཀྱི་བཅད་གྲངས་ཁ་གསལ་བཟོས་མེད་ཚེ། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་དངུལ་ཆད་འགེལ་དགོས།

    ཆོད་དོན་འདི་2024ལོའི་ཟླ་9ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

    (བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྩོམ་སྒྱུར་ཅུས་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།