དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བ་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་རྒྱུན་ལས་ཨུ་ལྷན་བཙུགས་ནས་ལོ་45འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

    ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་། ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-27

    ཟླ་11ཚེས་25ཉིན། བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བ་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་རྒྱུན་ལས་ཨུ་ལྷན་བཙུགས་ནས་ལོ་45འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བཞིན་པ།

    ཟླ་11ཚེས་25ཉིན། བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་བཙུགས་ནས་ལོ་70འཁོར་བ་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་རྒྱུན་ལས་ཨུ་ལྷན་བཙུགས་ནས་ལོ་45འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། འདི་ནི་བཞུགས་མོལ་ཚོགས་འདུ་འཚོག་ཡུལ་ཡིན་པ།

    ཟླ་11ཚེས་25ཉིན། བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བ་དང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་རྒྱུན་ལས་ཨུ་ལྷན་བཙུགས་ནས་ལོ་45འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ཞིང་། ཁོང་གིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་སྐྱོང་བཅས་ཟུང་འབྲེལ་དམ་ཟབ་བྱེད་པ་མཐའ་འཁྱོངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་། འཐུས་ཚང་། འཁོར་སྐྱོད་བཅས་ཡག་པོ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཀརྨ་ཚེ་བརྟན་དང་། ཁྲེན་ཡུང་ཆི། ལིའུ་ཅང་། ཡོན་ཧུང་ཀང་། དབང་ཧའེ་ཀྲོའུ། ལའེ་ཅའོ། ཤའོ་ཡིའུ་ཚའེ། ཀུང་ཧུའེ་ཚའེ། ཅང་ཝུན་ཕེང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་གཙོ་དང་ཁྲིམས་སྐྱོང་འཛུགས་སྐྱོང་ལ་བྱུང་བའི་ཡར་རྒྱས་དང་གྲུབ་འབྲས་ནང་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྒྲུབ་མཁན་བློ་མཐུན། ལྷག་པར་དུ་སྐབས་རིམ་བྱུང་གི་འགོ་ཁྲིད་ཚན་ཁག་བཅས་ཀྱི་བློ་གྲོས་དང་རྔུལ་ཆུ་འདུས་ཡོད་ལ། རིམ་ཁག་སྡེ་ཚན་ཁག་དང་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱས་པའི་ནུས་ཤུགས་ཀྱང་འདུས་ཡོད། དུས་རབས་གསར་པར་འབད་འབུངས་ཡར་བརྩོན་བྱེད་པར་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་དང་དུས་རབས་གསར་པར་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བོད་དུ་དོན་འཁྱོལ་གཏིང་ཟབ་དང་ཏན་ཏིག་ཐུབ་པར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ལམ་བུར་སྐྱོད་པའི་གདེང་ཚོད་དང་ཆོད་སེམས་ཆེ་རུ་ཏན་ཏིག་གཏོང་དགོས། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ལེགས་ཆར་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱེད་པར་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ལག་ལེན་བསྟར་ཐུབ་པ་དང་། གསོན་ཤུགས་ལྡན་པ། ལས་ཕྱོད་ཆེ་བ་བཅས་ཡོང་དོན་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་དེ་བོད་དུ་ཆེས་ཐད་ཀར་དང་ཆེས་དོན་དངོས་ཀྱི་སྒོ་ནས་མངོན་པར་ངོས་འཛིན་གཏིང་ཟབ་བྱེད་པ། འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་སྔར་བས་ཆེ་རུ་གཏོང་བ། ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྒྲིག་གི་ནུས་པར་རྒྱུན་ཆད་མེད་པར་སྒྱུར་བ་བཅས་བྱས་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་ཆེད་ལམ་ལུགས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས། དུས་རབས་གསར་པའི་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གསར་གཏོད་ཀྱི་གྲུབ་འབྲས་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པ་བྱེད་པར“ངེས་པར་དུ་མཐའ་འཁྱོངས་བྱེད་དགོས་པ་བརྒྱད”ཀྱི་ཚན་རིག་དང་མཐུན་པའི་ནང་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མཐའ་འཁྱོངས་བྱེད་པ་དང་འཕེལ་རྒྱས་གཏོང་བ། ཁྲིམས་ལྟར་བོད་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ། མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྐུལ་སློང་གང་ལེགས་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་འགན་འཁྲི་དང་ལས་འགན་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པ་བྱེད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“འདོན་སྤེལ་གང་ལེགས་བཞིའི”འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོ་བཅངས་ཏེ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་ཏན་ཏིག་བཏང་ནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་ཡག་པོ་དང་། འཐུས་ཚང་ཡག་པོ། འཁོར་སྐྱོད་ཡག་པོ་བཅས་བྱས་ཏེ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་རང་འགན་ནན་སྒྲུབ་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ཕྱོགས་ཡོངས་ནས་སྐྲུན་ཆེད་སྟོབས་ཤུགས་དེ་བས་ཆེ་བ་སྐྱེས་སུ་འབུལ་དགོས། ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། དུས་རབས་ཀྱི་འཕེལ་རྒྱས་དང་། ལག་ལེན་གྱི་དགོས་མཁོ། མི་དམངས་ཀྱི་རེ་སྒུག་བཅས་དང་བསྟུན་ནས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་གང་དུ་སྤེལ་ཚེ་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་གར་སྤེལ་ཐུབ་པ་དང་། སྟོབས་ཤུགས་དེ་གར་གཅིག་སྒྲིལ་ཐུབ་པ། ནུས་པ་དེ་གར་འདོན་ཐུབ་པ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དང་ལག་བསྟར་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། རྩ་ཁྲིམས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི“སྲུང་སྐྱོང་བ”ཡག་པོ་བྱེད་པ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་ཞིབ་བཤེར་ཡག་པོ་བྱེད་པ། རྩ་ཁྲིམས་དམ་འཇོག་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། རྒྱལ་ཁབ་ཁྲིམས་ལུགས་ཀྱི་གཅིག་གྱུར་དང་། ལ་རྒྱ། དབང་གྲགས་བཅས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས་བོད་དུ་རྩ་ཁྲིམས་དང་བཅའ་ཁྲིམས་ཕྱོགས་ཡོངས་དང་ནུས་ལྡན་ངང་ལག་བསྟར་ཐུབ་པའི་འགན་ལེན་བྱེད་དགོས། མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས་དང་། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་ཧུར་ཐག་གཏོང་བ། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། དམངས་གཙོའི་དམངས་འདུན་མཚོན་པའི་ལས་སྟེགས་དང་གཞི་རྟེན་འཐུས་སྒོ་ཚང་དུ་གཏོང་བ། གང་ཐུབ་ཅི་ཐུབ་ཀྱིས་དམངས་གཙོ་དར་སྤེལ་དང་དམངས་འདུན་བསྡུ་རུབ་བཅས་བྱས་ཏེ་མི་དམངས་རང་ཁྱིམ་རང་བདག་དེ་ལྗོངས་ཡོངས་ཀྱི་ཆབ་སྲིད་དང་སྤྱི་ཚོགས་འཚོ་བའི་ཁྲོད་ཞིབ་ཕྲ་དང་དངོས་ཡོད་ཀྱི་སྒོ་ནས་དོན་འཁྱོལ་ཐུབ་པར་བྱེད་དགོས། ཁྲིམས་འཛུགས་ཀྱི་སྤུས་ཚད་གོང་མཐོར་གཏོང་རྒྱུར་ཤུགས་བརྒྱབ་སྟེ་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུཌ། ཁྲིམས་ལྟར་ཁྲིམས་འཛུགས་བཅས་བྱས་ཏེ་གཙོ་གནད་ཁྱབ་ཁོངས་དང་གསར་དར་ཁྱབ་ཁོངས་སུ་ཁྲིམས་འཛུགས་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན་གྱི་ཉམས་མྱོང་བཟང་པོ་དང་བྱ་ཐབས་བཟང་པོ་དག་དུས་ཐོག་ཏུ་ཁྲིམས་སྲོལ་ལམ་ལུགས་སུ་མཐོར་གཏོང་བྱེད་དགོས། ཁྲིམས་འཛུགས་ཀྱི་ནང་དོན་འདེམས་པའི་འགག་སྒོ་དང་། འཆར་ཟིན་འགོད་པའི་འགག་སྒོ གྲོས་ཞིབ་བྱེད་པའི་འགག་སྒོ་བཅས་ནན་པོ་སྲུང་བ་དང་། ཁྲིམས་འཛུགས་དང་ཁྲིམས་ལུགས་ཁྱབ་གདལ་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ལ་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་བའི་ཁྲིམས་སྐྱོང་རྨང་གཞི་བརྟན་དུ་གཏོང་དགོས། ལྟ་སྐུལ་གྱི་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་བ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་གྱི་ནུས་པ་གལ་ཆེན་འདོན་པ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་ལྟ་སྐུལ་གྱི་འགན་འཁྲི་རང་རྟོགས་ངང་འཁུར་བ་བཅས་བྱས་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་བཟང་པོ་ཧུར་ཐག་སྐྲུན་དགོས། སྣེ་ཁྲིད་དེ་མང་ཚོགས་དང་འབྲེལ་བ་དམ་ཟབ་བྱེད་པ་དང་། འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལང་བ། “མི་དམངས་ཀྱིས་ང་འཐུས་མིར་བདམས། ངས་མི་དམངས་ཀྱི་ཆེད་དུ་འཐུས་མི་བྱེད”པའི་འགན་འཁྲི་འཁུར་སེམས་ཆེན་པོའི་ཐོག་ནས་མང་ཚོགས་ཀྱི་ཕྱོགས་སུ་བརྟན་པོར་ལང་བ། མི་དམངས་ཀྱིས་སྤྲད་པའི་དབང་ཆར་གཅེས་སྤྲས་བྱེད་པ། འཐུས་མིའི་འོས་འགན་ནན་ཏན་ངང་སྒྲུབ་པ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་དགོས།

    ཡན་ཅིན་ཧའེ་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་ལྷག་པར་དུ་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་མི་དམངས་འཐུས་ཚོགས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་ཁག་ཏུ་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་དགོས་པ་དང་། ལམ་ལུགས་ཀྱི་ཕན་ནུས་འདོན་སྤེལ་ཏན་ཏིག་བྱས་ནས་རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་ལེགས་ཆ་དེ་བོད་སྐྱོང་དང་། བོད་བརྟན། བོད་དར་བཅས་ཀྱི་ཕན་ནུས་ལ་འགྱུར་བར་བྱེད་དགོས། ལས་ཀའི་མཉམ་ཤུགས་གཅིག་སྒྲིལ་ཏན་ཏིག་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་ཧུར་ཐག་འབུལ་དགོས་ཞེས་གསུངས་པ་རེད།

    ཀརྨ་ཚེ་བརྟན་དང་། ཅང་ཝུན་ཕེང་། ཚེ་བརྟན། ཞ་ཁེ་ཆིན། ཧོ་ཕེང་། བཀྲ་ཤིས་རྒྱལ་མཚན། སྐྲ་བཟང་བཅས་ཀྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།