དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • སྐབས་གཉིས་པའི་རང་སྐྱོང་ལྗོངས་ཀྱི“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ”དང“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི་མཉམ་སྡེབ”ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལྷ་སར་འཚོགས་པ།

    ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ། ཀརྨ་ཚེ་བརྟན་གྱིས་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-21

    འདི་ནི་ཝང་ཅུན་ཀྲེང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་འཐུས་མིར་བྱ་དགའ་གནང་བཞིན་པ།

    འདི་ནི་གཟེངས་བསྟོད་ཚོགས་ཆེན་གྱི་ཚོགས་ར་ཡིན་པ།

    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ་ཏང་ཐུགས་བློ་བདེ་པོ་དང་མི་དམངས་བློ་ཡིད་ཚིམ་པའི་ལས་བྱེད་པ་ཡག་པོ་ཞིག་ཧུར་ཐག་བྱེད་དགོས།

    ཟླ་11ཚེས་18ཉིན་གྱི་ཕྱི་དྲོར། སྐབས་གཉིས་པའི་རང་སྐྱོང་ལྗོངས་ཀྱི“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པ”དང“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི་མཉམ་སྡེབ”ལ་གཟེངས་བསྟོད་བྱེད་པའི་ཚོཌ་ཆེན་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས་མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་།  བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱས་ནས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་ཐུགས་བློ་བདེ་བ་དང་མི་དམངས་བློ་ཡིད་ཚིམ་པའི་ལས་བྱེད་པ་ཡག་པོ་ཞིག་ཧུར་ཐག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་ཀརྨ་ཚེ་བརྟན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དབང་ཧའེ་ཀྲོའུ་དང་། ཀུང་ཧུའེ་ཚའེ། བསྟན་ཁོ། ཀྲང་ལི། པད་མ་དབང་འདུས་བཅས་ཚོགས་འདུར་ཞུགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་གཟེངས་བསྟོད་ཀྱི་གཏན་འབེབས་སྒྲོག་སྦྱང་གནང་བ་རེད། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཀྲུའུ་ཞི་སྡིངས་ཆར་བཞུགས་པའི་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་འཐུས་མིར་བྱ་དགའ་སྤྲད་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི་དཔུང་ཁག་འཛུགས་སྐྱོང་ལ་དམིགས་ནས་རྣམ་བཤད་གལ་ཆེན་རབ་དང་རིམ་པ་བཏོན་གནང་ཞིང་། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”ཆབ་སྲིད་ཀྱི་བླང་བྱ་ཁ་གསལ་བཏོན་གནང་ནས། ང་ཚོས་དུས་རབས་གསར་པའི་གཞུང་ཞབས་པའི་ལས་དོན་ཡག་པོ་སྒྲུབ་པར་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་བརྟེན་ནས་ལས་ཀའི་ཕྱོགས་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས“དོན་ཆེན་བཞི”བོད་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་རང་འགུལ་ངང་བྱས་རྗེས་འཇོག་པ་དང་ངར་སེམས་ཆེར་སྐྱེད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་བྱ་གཞག་ཁག་ཟམ་མི་ཆད་པར་ཡར་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་ཡོད། གྲུབ་འབྲས་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པའི་འབྲས་བུར་ཐུག་ཡོད་ལ། ལྗོངས་ཡོངས་ཀྱི་རྒྱ་ཆེའི་གཞུང་ཞབས་པས་ལས་དོན་ཧུར་ཐག་བསྒྲུབས་པ་དང་དཀའ་སྤྱད་འབད་འཐབ་བྱས་པ་ལའང་ཐུག་ཡོད། ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་མཉམ་སྡེབ་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། ལྗོངས་ཡོངས་ཀྱི་འཐབ་ཕྱོགས་ཁག་ཏུ་དཀའ་སྤྱད་ལས་སྒྲུབ་བྱེད་པའི་རྒྱ་ཆེའི་གཞུང་ཞབས་པ་རྣམས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་མཉམ་སྡེབ་ཀྱིས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་དང་། གྲུབ་འབྲས་དར་སྤེལ། ཡང་འབད་བསྐྱར་འབད་བཅས་བྱས་ཏེ་ཏང་དང་མི་དམངས་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཏང་ཐུགས་བློ་བདེ་བ་དང་མི་དམངས་བློ་ཡིད་ཚིམ་པའི་ལས་བྱེད་པ་ཡག་པོ་ཧུར་ཐག་བྱེད་དགོས། ཆབ་སྲིད་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཏང་ལ་ལྷག་བསམ་རྣམ་དག་གི་ལས་བྱེད་པ་ཡག་པོ་བྱེད་དགོས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་དམངས་ལ་བདེ་སྐྱིད་བསྐྲུན་པའི་ལས་བྱེད་པ་ཡག་པོ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ་དང་། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ། རང་རྟོགས་ངང་མང་ཚོགས་ཀྱི་ལངས་ཕྱོགས་ཐོག་ལངས་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་བྱ་བ་སྒྲུབ་པ། བློ་དཀར་སེམས་དཀར་གྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ལྟེ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་འགན་འཁྲི་འཁུར་ཕོད་པའི་ལས་བྱེད་པ་ཡག་པོ་བྱེད་དགོས། བྱ་གཞག་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས“དོན་ཆེན་བཞི”དང“འཛུགས་གཏོད་བཞིའི”ཁྲོད་ཀྱི་རང་ངོས་ཀྱི་ངེས་གནས་གནད་འཁེལ་འཚོལ་བ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ཀྱི་ཁྲོད་རང་འགན་ཐེག་པ་འཁུར་ལེན་བྱེད་པར་སྣེ་ཁྲིད། བློ་ནུས་གང་ཡོད་ཀྱིས་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ཏེ“མདུན་གྲལ་དུ་སླེབས་པ་བཞི”མངོན་འགྱུར་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ལས་བྱེད་པ་ཡག་པོ་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་དྲུག”ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་རིག་གནས་ཀྱི་ཁྱིམ་གཞིས་བསྐྲུན་པ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་སྟེ་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱས་ནས་ཐུན་མོང་ཐོག་བསྐྱར་དར་རླབས་པོ་ཆེའི་ཕུགས་འདུན་མངོན་འགྱུར་བྱེད་པའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་འཇོན་ཐང་ཆེན་པོ་ལྡན་པའི་ལས་བྱེད་པ་ཡག་པོ་བྱེད་དགོས། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་ཆབ་སྲིད་དཔལ་འབྱོར་དང་། སྤྱི་ཚོགས་དམངས་འཚོ། རིག་གནས་སྐྱེ་ཁམས་སོགས་ཕྱོགས་གང་ཅིའི་ཐད་ཀྱི་ཤེས་བྱ་སློབ་སྦྱོང་ནན་ཏན་བྱེད་པ་དང་། ཆབ་སྲིད་ཀྱི་ནུས་པ་དང་། ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་ནུས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་ཁ་ལོ་སྒྱུར་ནུས། མང་ཚོགས་ཀྱི་ལས་དོན་སྒྲུབ་ནུས། ཁྲིམས་ལྟར་ལས་དོན་སྒྲུབ་ནུས་བཅས་ཆེ་རུ་ཏན་ཏིག་བཏང་སྟེ་སྤྱོད་ཡོན་གཉིས་ལྡན་དང་དམར་ཞིང་མཁས་པའི་གཞུང་དོན་སྒྲུབ་མཁན་ལ་འགྱུར་གང་ཐུབ་བྱེད་དགོས། སྒྲིག་ཁྲིམས་དང་སྒྲིག་ལམ་ནན་པོར་བསྲུངས་ནས་སྤྱོད་གཙང་རང་གཅུན་གྱི་ལས་བྱེད་པ་ཡག་པོ་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོར་བསྲུངས་ནས་རང་གཅུན་ནན་པོ་བྱེད་པའི་ཀུན་སྤྱོད་ལ་ཞུན་བརྡར་གཏོང་བ་དང་། དུས་དང་རྣམ་པ་ཀུན་ཏུ་རང་གཟབ་རང་བརྟག་དང་རང་གཟབ་ཆུང་ཟོན་བྱེད་པ། སྤྱོད་ཚུལ་རྒྱུན་མཐུད་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་སྤོང་གང་ཐུབ་བྱེད་པ། རུལ་འགོག་འགྱུར་ཟོན་གྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤྱོད་གཙང་གཞུང་དྲང་ཞིག་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་དང་འགན་འཁྲི་ཁུར་ནས་དུས་རབས་གསར་པའི་ཏང་རྩ་འཛུགས་ཀྱི་ལམ་ཕྱོགས་ལག་བསྟར་ནན་ཏན་བྱེད་པ་དང་། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱེད་པ། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བཅས་བྱས་ནས་ལས་བྱེད་པའི་དཔུང་ཁག་གི་ལེགས་ཆ་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱེད་དགོས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་སྟོན་ཕྱོགས་གསལ་པོ་བརྟན་པོར་འཛུགས་པ་དང་། ཆབ་སྲིད་ཀྱི་ཚད་གཞི་དེ་གནས་བབ་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། ལས་བྱེད་པའི་ཆབ་སྲིད་ཀྱི་བྱང་ཚད་ལ་རྟོག་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། ཕུལ་བྱུང་ཤེས་ལྡན་པ་གཟེངས་སུ་ཐོན་པའི་ལས་ཀའི་ལམ་སྲོལ་ཆགས་གང་ཐུབ་བྱེད་པ། གཞི་རིམ་གྱི་འཐབ་ས་དང་པོ་ནས་ལས་བྱེད་པ་གསར་རྙེད་དང་། གསོ་སྐྱོང་། སྦྱོང་བརྡར། བཀོལ་སྤྱོད་ལ་སྣང་ཆེན་བཅས་བྱས་ཏེ། བྱ་བ་སྒྲུབ་བསམ་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཐུབ་པ་བཅས་ཀྱི་ལས་བྱེད་པ་ཡག་པོ་དངོས་གནས་འདེམས་བསྐོ་དང་བཀོལ་སྤྱོད་བྱེད་དགོས། ལས་བྱེད་པའི་རང་འགན་ཐེག་པ་འཁུར་ལེན་བྱེད་པར་ལྕག་སྐུལ་བྱས་ནས། དོ་དམ་ནན་པོ་དང་བྱམས་སྐྱོང་ཟབ་མོ་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་དང་། “དབྱེ་བ་འབྱེད་དགོས་པ་གསུམ”དོན་འཁྱོལ་ནན་པོ་བྱེད་པ། ནོར་འཛོལ་རུང་ལ་ནོར་འཁྲུལ་ཡོ་བསྲང་གི་ལམ་སྲོལ་ཡག་པོ་སྤྱོད་པ། གཞི་རིམ་གྱི་ཁུར་པོ་ཡང་གཏོང་གི་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བ། དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པའི”ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས། འཕར་ཆག་གཉིས་ཐུབ་དང་། བློ་སེམས་གཅིག་མཐུན། ཧུར་བརྩོན་ལས་སྒྲུབ་བཅས་ལ་སྐུལ་འདེད་གཏོང་དགོས། ལས་བྱེད་པའི་དཔུང་ཁག་ལ་དོ་དམ་ནན་པོ་དང་ཏན་ཏིག་བྱེད་པ་དང་། ལས་བྱེད་པར་ཕྱོགས་ཡོངས་ནས་དོ་དམ་དང་རྒྱུན་ལྡན་རང་བཞིན་གྱི་ལྟ་སྐུལ་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ། ཚད་གཞི་ནན་པོར་བརྟེན་ནས་ལས་བྱེད་པར་བླང་བྱ་འདོན་པ་དང་། བྱེད་ཐབས་ནན་པོར་བརྟེན་ནས་ལས་བྱེད་པར་དོ་དམ་བྱེད་པ། སྒྲིག་ཁྲིམས་ནན་པོར་བརྟེན་ནས་ལས་བྱེད་པར་གཅུན་སྡོམ་བཅས་བྱས་ཏེ་ལས་བྱེད་པའི་སེམས་ལ་ཞེད་ས་ཡོད་པ་དང་། སྐད་ཆར་འཛེམས་ཟོན་ཡོད་པ། སྤྱོད་པར་ཚོད་འཛིན་ཡོད་པ་བཅས་ལ་སྐུལ་འདེད་གཏོང་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་དཔེ་མཚོན་ལ་བརྟེན་ནས་སྣེ་ཁྲིད་རྒྱུ་མཐའ་འཁྱོངས་ཀྱིས་སྔོན་ཐོན་དཔེ་མཚོན་གྱི་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། སྔོན་ཐོན་གོང་བཀུར་དང་། སྔོན་ཐོན་སློབ་སྦྱོང་། སྔོན་ཐོན་བརྩོན་ལེན་བཅས་ཀྱི་རྣམ་པ་བཟང་པོ་རྒྱུན་མཐུད་བཏོད་ནས། རྒྱ་ཆེའི་གཞུང་ཞབས་པས་སྔོན་ཐོན་མིག་དཔེར་བྱས་ཏེ་མིག་ལྟོས་ཡར་འདྲེན་དང་རྩེ་གྲ་བརྩོན་ལེན་བྱས་ཏེ་བསྡུར་སློབ་སྙེགས་བརྒལ་ཁྲོད་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་འཇོག་པར་ཁྲིད་སྟོན་བྱེད་དགོས།

    ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི”འཐུས་མི་དང“མི་དམངས་བློ་ཡིད་ཚིམ་པའི་གཞུང་ཞབས་པའི་མཉམ་སྡེབ”ཀྱི་འཐུས་མིས་སྤེལ་རེས་གཏམ་བཤད་བྱས་པ་རེད།

    ཚོགས་འདུ་མ་འཚོག་གོང་ཝང་ཅུན་ཀྲེང་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་གཟེངས་བསྟོད་ཐོབ་པའི་འཐུས་མིར་མཇལ་འཕྲད་གནང་ནས་ལྷན་ཞུགས་དྲན་རྟེན་སྐུ་པར་བསྐྱོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།