དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་ཡོམ་འགོག་གེགས་སེལ་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-11-19

    ཉེ་ཆར་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ལི་ཡིས་རུ་སྣེ་ཁྲིད་དེ། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་ཕེབས་ནས་ས་གནས་ས་ཐོག་ཏུ་ཡོམ་འགོག་གེགས་སེལ་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་རེད། ཡོམ་གནས་རུ་ཐོག་ཤང་ལྷ་ལུང་གྲོང་ཚོ་དང་། རུ་ཐོག་ཤང་ལྟེ་བའི་སློབ་ཆུང་དང་འཕྲོད་བསྟེན་ཁང་། རྫོང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས། རྒན་རྒོན་གྱི་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སོགས་སུ་གནོད་འཚེ་ཕོག་པའི་མང་ཚོགས་དང་། སློབ་གྲྭའི་དགེ་སློབ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། གཅིག་སྡུད་ལྟ་སྐྱོང་རྒན་རྒོན་བཅས་ལ་འཚམས་འདྲི་གནང་བ་དང་། གྲོང་མིའི་སྡོད་ཁང་དང་། སློབ་གྲྭའི་སློབ་ཁང་དང་ཉལ་ཁང་། འཕྲོད་བསྟེན་ཁང་གི་སྒོ་བསྟེན་ཐོག་བརྩེགས་ཁང་ཆེན་སོགས་ཀྱི་གནོད་འཚེ་ཕོག་ཚུལ་ལ་ལྟ་ཞིབ་ཞིབ་ཕྲ་གནང་བ་མ་ཟད། ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་གེགས་འགོག་གེགས་སེལ་གྱི་ཞིབ་ཕྲའི་བྱ་ཐབས་དང་ལས་ཀའི་བླང་བྱ་བཏོན་གནང་བ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་ནན་བཤད་བྱས་དོན། གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་ཁག་སྲིད་གཞུང་གིས“མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ”ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ཁོངས་གཏོགས་ཀྱི་འགན་འཁྲི་ཏན་ཏིག་བསྒྲུབས་ནས་གནོད་འཚེ་སྔོན་འགོག་དང་། ཉུང་གཏོང་། གེགས་སེལ་བཅས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། སྔོན་འགོག་ལ་ཤུགས་སྣོན་བརྒྱབ་སྟེ་ཐོན་སྲིད་པའི་གནོད་འཚེར་དམིཌ་པའི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས། མངོན་མེད་རྐྱེན་ངན་ལ་གྲལ་བཤེར་ཞིབ་ཚགས་བྱེད་པ་དང་། གཏོར་སྐྱོན་ཕོག་པའི་ཁང་པར་ཞིབ་བཤེར་ཚོད་སྐོར་བྱ་རྒྱུར་ཤུགས་སྣོན་རྒྱག་པ། ཚན་རིག་དང་མཐུན་པའི་ངང་ཐག་གཅོད་ཇུས་གཞི་བཟོ་བ་བཅས་བྱས་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇཌ་འགན་ལེན་བྱེད་དགོས། མང་ཚོགས་ཀྱི་རྗེས་མའི་ཐོན་སྐྱེད་དང་འཚོ་བ་བཀོད་སྒྲིག་འོས་འཚམ་བྱས་ནས་དྲོ་སྐྱིད་ལྡན་ལ་བདེ་འཇགས་ལྡན་པའི་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས། ལྗོངས་དམངས་སྲིད་ཐིང་དང་སྡོད་ཁང་འཛུགས་སྐྲུན་ཐིང་གིས་ཞབས་ཞུ་དང་མཛུབ་ཁྲིད་ཡག་པོ་བྱེད་པ་དང་རོགས་སྐྱོབ་ཞབས་འདེགས་ཧུར་ཐག་ཞུས་ནས་གནོད་འཚེའི་རྐྱེན་གྱིས་དབུལ་པོར་མི་འགྱུར་བ་བྱེད་དགོས། གནོད་འཚེ་ཕོག་ཁུལ་ལ་རྣམ་གྲངས་དང་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་མང་ཚོགས་ཀྱི་དཀའ་ངལ་དངོས་སྔ་ཙམ་ཐག་གཅོད་བྱས་ཏེ། ཏང་དང་སྲིད་གཞུང་གི་དྲོ་སྐྱིད་མང་ཚོགས་ཀྱིས་ཚོར་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།