ལའེ་ཅའོ་ཡིས་ལྷ་སར་ཤེས་ལྡན་པའི་ལས་དོན་ལ་བརྟག་ཞིབ་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས“མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱ་ཐབས་ཐོག་ནས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་། བོད་ལྗོངས་འགྲིམ་འགྲུལ་རྩད་ཞིབ་ཇུས་འགོད་ཞིབ་འཇུག་ཁང་ཚད་ཡོད་ཀུང་སི། རང་སྐྱོང་ལྗོངས་ས་གཤིས་རྩད་ཞིབ་ཅུས་ས་གཤིས་རུ་ཁག་དྲུག་པ་བཅས་སུ་ཕེབས་ཏེ། ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་དང་མཐོ་རིམ་ཤེས་ལྡན་པ་འདྲེན་འགུགས་ཀྱི་ནུས་པ་འདོན་སྤེལ་དང་དེ་བཞིན་ཚན་ཞིབ་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་དང་མཁྱེན་རྟོགས་གནང་བ་རེད།
ལའེ་ཅའོ་ཡིས་ནན་བཤད་གནང་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི“མི་འབོར་དང་། མི་སེམས། ཤེས་ལྡན་པ”བཅས་འགག་རྩའི་རྒྱུ་རྐྱེན་འདི་དག་ལ་དམ་འཛིན་ཡག་པོ་བྱས་ཏེ་ཤེས་ལྡན་པའི་ལྗོངས་སྟོབས་ཆེན་གྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང“གསོ་འདྲེན་སྤྱོད་ཉར”བཅས་ལས་གཞི་ཆེན་པོ་བཞིར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་། “བློ་ཁ་མཐུན་ན་རི་ཀླུང་རྒྱ་མཚོས་ཆོད་ཀྱང་ཐག་མི་རིང་བའི”བློ་རྒྱ་དང“ཁ་བཤད་ལག་བསྟར་ནི་ཁས་ལེན་དམ་འཇོག་ལས་གལ་ཆེ་བའི”ལྷག་བསམ་གྱི་ཐོག་ནས་ལས་སྒྱུར་ནང་འདྲེན་དང་། བབ་བསྟུན་ནང་འདྲེན། “ཁས་ལེན་གཙོ་འགན”སོགས་ཀྱི་བྱེད་ཐབས་སྤྱད་དེ་རིམ་པ་མཐོ་བའི་ཤེས་ལྡན་པ་འདྲེན་འགུགས་ཤུགས་ཆེན་བྱས་ནས་ཕུལ་བྱུང་ཤེས་ལྡན་པ་འབུར་དུ་ཐོན་པའི་ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་གོ་སྐབས་ལ་སྟངས་འཛིན་ཡང་དག་བྱས་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་ས་མཐོའི་གསོ་རིག་དང་། ས་གཤིས། གནམ་གཤིས་སོགས་ཚན་རིག་ཞིབ་འཇུག་གི་ཆ་རྐྱེན་ལ་གཞི་ཚུགས་ནས་རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་གསར་སྤེལ་དང་ལས་གྲྭ་གལ་ཆེན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་པར་བྱེད་པ་དང་། རང་འགུལ་ངང་བརྩོན་ལེན་དང་བྱས་རྗེས་ཧུར་ཐག་བཞག་སྟེ་ལས་སྒོའི་གཞི་ཁྱོན་ཆེ་རུ་གཏོང་བ་དང་། ཚན་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་བ། གངས་ལྗོངས་ཀྱི་ས་གཞི་ཆེན་པོར་དཔྱད་རྩོམ་འབྲི་བ་བཅས་བྱེད་དགོས། “ཤེས་ལྡན་པའི་ལས་དོན་གྱི་དོན་ཚན་19”སོགས་ཀྱི་སྲིད་ཇུས་གང་ལེགས་སྤྱོད་པ་དང་། “ཇོ་མོ་གླང་མའི་ཤེས་ལྡན་པའི”འཆར་གཞི་ལག་བསྟར་གཏིང་ཟབ་བྱེད་པ། བྱས་རྗེས་དཔྱད་ཞིབ་དང་ལྕག་སྐུལ་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་ཀྱི་ཁོར་ཡུག་རྩེ་གྲ་གཏོད་པ་དང་། ལས་སྟེགས་དང་གཞི་རྟེན་རྩེ་གྲ་གཏོད་པ། འགན་ལེན་ཞབས་ཞུ་རྩེ་གྲ་མཁོ་འདོན་བྱེད་པ་བཅས་བྱས་ཏེ་རིམ་པ་མཐོ་བའི་ཤེས་ལྡན་པའི་གསར་གཏོད་ལས་གཏོད་ལ་འདེགས་སྐྱོར་ཤུགས་ཆེན་བྱེད་དགོས།