ཁྲེན་ཡུང་ཆི་ཡིས་གཞིས་རྩེ་གྲོང་ཁྱེར་དང་། ནག་ཆུ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ལ་བརྟག་ཞིབ་གནང་བ།
ཟླ་11ཚེས་14ནས་ཚེས་17ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཡིས་གཞིས་རྩེ་གྲོང་ཁྱེར་དང་། ནག་ཆུ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ཀྱི་རྫོང་དང་ཤང་ཁག་གཅིག་ཏུ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། རྣམ་གླིང་རྫོང་གི་ཤངས་ཆུའི་དེང་རབས་ཞིང་ལས་ཐོན་ལས་གླིང་དང་། ཤན་རྩ་རྫོང་གི་འགན་སྲུང་རང་བཞིན་གྱི་སྡོད་ཁང་། ཉི་མ་རྫོང་གི་འབྲོག་ལས་ཐོན་ལས་ཐོག་བརྩེགས་ཁང་ཆེན། ངམ་རིང་རྫོང་གི་ཚད་གཞི་མཐོ་བའི་ས་ཞིང་སྒྱུར་བཀོད་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་ཡུལ་དང་། དེ་བཞིན་ཉི་མ་རྫོང་གི་ཁུ་ལུ་དཀར་པོའི་རའི་རྒྱུད་སྤེལ་ར་བ་དང་། སྒེར་རྩེ་རྫོང་དུང་མཚོ་ཤང་ཚེ་རིང་མགོ་ལེབ་གྲོང་ཚོ། ས་དགའ་རྫོང་སྐྱ་སྐྱ་གྲོང་རྡལ་གྱི་རྒྱལ་གྲོང་ཚོ་སོཌ་གྲོང་གསེབ་དར་རྒྱས་ཐོན་ལས་རྣམ་གྲངས་ལག་ལེན་བསྟར་ཡུལ། མཚོ་ཆེན་རྫོང་གི་གཅིག་སྡུད་དྲོད་རླངས་མཁོ་འདོན་རྣམ་གྲངས་ལ་དམིགས་བསལ་ཆོག་མཆན་སྤྲད་པའི་གཉེར་སྐྱོང་བྱ་ཡུལ། མཚོ་གཉིས་རྫོང་བཅས་སུ་སྔ་རྗེས་སུ་ཕེབས་ནས་ས་གནས་ས་ཐོག་གི་རྣམ་གྲངས་གཙོ་བོའི་འཛུགས་སྐྲུན་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་ཚུལ། བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་ཞིབ་བཤེར་གནང་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་བསྒྲུབས་ཚུལ་དང་སང་ལོའི་ལས་ཀའི་འཆར་གཞིར་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་སྦྲགས་གནད་དོན་དང་དཀའ་ངལ་དངོས་མཐུན་སྦྱོར་ངང་སེལ་རོགས་གནང་བ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ས་བབ་མཐོ་བའི་ས་ཁུལ་གྱི་འཐབ་ས་མདུན་མར་འབད་འཐབ་བྱེད་མཁན་རྒྱ་ཆེའི་ལས་བྱེད་པ་དང་བཟོ་པར་འཚམས་འདྲིའང་གནང་བ་རེད།
ཁྲེན་ཡུང་ཆི་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། སྒྱུར་བཅོས་ཀྱི་བྱ་ཐབས་ནས་མདུན་སྐྱོད་ཀྱི་གནད་དོན་ཐག་གཅོད་བྱེད་པ། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ལ་དམིགས་པ། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་འདི་ལོའི་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་སྒྲུབ་ཡོང་བའི་འགན་ལེན་དང་སྦྲགས་སང་ལོའི་ལས་དོན་འཆར་འགོད་ཡག་པོ་བྱེད་དགོས་པ་དང་། “གལ་ཆེན་གཉིས”ཀྱི་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་གོ་སྐབས་སུ་བྱས་ནས་རྣམ་གྲངས་འཆར་འགོད་དང་གྲབས་འཛུགས་བྱེད་ཤུགས་ཆེ་རུ་དང་རྣམ་གྲངས་འདུན་ཞུའི་སྤུས་ཚད་མཐོ་རུ་བཏང་ནས་རྣམ་གྲངས་སྔར་ལས་མང་བ་དོན་འཁྱོལ་ཡོང་བའི་བརྩོན་ལེན་བྱེད་དགོས། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་བཙུགས་ཏེ། ཞིང་ལས་འཚམ་སར་ཞིང་ལས་དང་། འབྲོག་ལས་འཚམ་སར་འབྲོག་ལས། ཚན་རྩལ་ལ་གཏོང་ཆ་གཏོང་ཤུགས་ཆེ་རུ་བཏང་སྟེ་ཁྱད་ལྡན་ལོ་ཏོག་གི་སྣ་ཁ་དང་། གྲང་འགོག་ཐན་འགོག་གི་རྩྭ་ཁ། ས་མཐོའི་ཕྱུགས་ཀྱི་རྒྱུད་པ་བཅས་ལེགས་སུ་ཤུགས་ཆེན་བཏང་ནས་ཞིང་འབྲོག་ལས་ཀྱི་ཐོན་རྫས་ཀྱི་སྤུས་ཁ་ལེགས་གཏོང་དང་། ཕྱུགས་ཟོག་བཤས་གཏོང་ཚད་མང་དུ་གཏོང་བ། བྲིན་ཚོང་གི་ཐབས་ལམ་དང་གཞི་ཁྱོན་ཆེ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྐུལ་འདེད་གང་མགྱོགས་བཏང་སྟེ། ས་བཅུད་ཆེ་རུ་གཏོང་བར་ཤུགས་བརྒྱབ་ནས་མུའུ་རེའི་ཐོན་འབབ་མཐོ་རུ་འགྲོ་རྒྱུར་ཤུགས་སྣོན་རྒྱག་དགོས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་རྩྭ་ཐང་སྐྱེ་ཁམས་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་བརྩིས་ཏེ་རྩྭ་ཐང་ཉམས་ཞན་དུ་གྱུར་པ་སླར་གསོ་བཅོས་སྒྲིག་བྱ་བར་ཤུགས་སྣོན་དང་། རྩྭ་རའི་ཕྱོགས་བསྡུས་སྐྱེ་དངོས་ཁེབས་ཚད་མཐོ་རུ་གཏོང་བ། རྩྭ་རའི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའ་སྤྲོད་པའི་ལམ་ལུགས་དོན་འཁྱོལ་ཡག་པོ་བཅས་བྱས་ནས་སྲུང་སྐྱོང་ཁུལ་དོ་དམ་སྲུང་སྐྱོང་གི་ལས་དོན་ཡག་པོ་བསྒྲུབས་ཏེ་གངས་ལྗོངས་ས་མཐོའི་སྲོག་ཆགས་དང་། རྩྭ་རྩི་ཤིང་། ཆུ་ཁྲི་རི་སྟོང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ས་བབ་མཐོ་བའི་ས་ཁུལ་གྱི་ལས་བྱེད་པ་དང་བཟོ་པ་དང་མི་དམངས་མང་ཚོགས་ཀྱི་ལུས་སེམས་བདེ་ཐང་ལ་དོ་ཁུར་དང་སེམས་ཁུར་བྱས་ནས་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་ཁྱབ་གདལ་ཤུགས་ཆེན་གཏོང་བའི་ཐོག་སྔོན་ཐོན་གྱི་བཟོ་རྩལ་སྤྱད་ནས་མ་གནས་ཆུང་དུ་བཏང་སྟེ་དམངས་འཚོའི་བྱ་བ་དངོས་ཡག་པོ་བསྒྲུབས་ཏེ་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་ཐུགས་ཁུར་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚོར་ཐུབ་པ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།