ཝང་ཅུན་ཀྲེང་གིས་གཞིས་རྩེར་བརྟག་ཞིབ་གནང་བ།
ཟླ་11ཚེས་13ནས་15ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་དང་། བཞད་མཐོང་སྨོན་རྫོང་། རྣམ་གླིང་རྫོང་། བསམ་གྲུབ་རྩེ་ཆུས། དཔལ་འབྱོར་གསར་སྤེལ་ཁུལ་བཅས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་གཞིས་རྩེའི་ཤར་ཕྱོགས་ཉི་ཤར་ནུས་རྒྱུ་གཙང་མ་ཚད་ཡོད་ཀུང་སིར་ཐོན་སྐྱེད་ཀྱི་འབྲེལ་ཡོད་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།
ཟླ་11ཚེས་13ནས་15ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་དང་། བཞད་མཐོང་སྨོན་རྫོང་། རྣམ་གླིང་རྫོང་། བསམ་གྲུབ་རྩེ་ཆུས། དཔལ་འབྱོར་གསར་སྤེལ་ཁུལ་བཅས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་བརྟག་ཞིབ་གནང་རིང་ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་གྱི་ལས་དོན་སྙན་སེང་གསན་བཞིན་པ།
དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ་ལེགས་ཆ་འདོན་སྤེལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
ཚེས་13ནས་15ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་དང་། བཞད་མཐོང་སྨོན་རྫོང་། རྣམ་གླིང་རྫོང་། བསམ་གྲུབ་རྩེ་ཆུས། དཔལ་འབྱོར་གསར་སྤེལ་ཁུལ་བཅས་སུ་བརྟག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། ལེགས་ཆ་བཏོན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
དགུན་སྟོད་ཀྱི་ནམ་མཁའ་གཡའ་དག་ཅིང་། མྱང་ཆུ་གཙང་པོའི་ངོགས་ནས་ལྷིང་འཇགས་དང་འཆམ་མཐུན་གྱི་ཉམས་སྣང་ཞིག་མངོན་འོང་། ཝང་ཅུན་ཀྲེང་རླངས་འཁོར་ལ་བཞུགས་ནས་གཞི་རིམ་གྱི་ཤང་གྲོང་དུ་ཕེབས་ཏེ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་རེད། རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་ལྡན་པའི་རིན་སྤུངས་རྫོང་ཕུ་སྣ་གྲོང་ཚོའི་ལམ་ངོས་གཙང་ལ་ཁོད་སྙོམས་པ་དང་ཡུལ་མི་རྣམས་སེམས་རྩ་འཁོལ་པོ་ཡོད། ཝང་ཅུན་ཀྲེང་གིས་གྲོང་གསེབ་དར་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་སོགས་ཀྱི་ལས་དོན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། བཞད་མཐོང་སྨོན་རྫོང་རྟ་ནག་མདའ་ཤང་དུ་ཝང་ཅུན་ཀྲེང་གིས་མི་དམངས་ཁྲིམས་ར་དང་། འདུམ་འགྲིག་ཁང་། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་བཅས་སུ་ཕེབས་ཏེ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་ལས་དོན་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་བརྟན་པོར་འཛུགས་པ་དང་། གཞི་རིམ་གྱི་མི་དང་། བཅོས་སྐྱོང་། དངོས་པོ། ཕན་འབྲས་བཅས་ཀྱི་གནད་དོན་ཐག་གཅོད་རྒྱུན་མཐུད་བྱེད་དགོས་པ་དང་། ལྷག་པར་དུ་གཞི་རིམ་གྱི་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་དང་། གཞི་རིམ་གྱི་ལས་བྱེད་པའི་འདེམས་སྤྱོད་ཐབས་ལམ་ཤར་བགྲོད་ཐུབ་པ་བྱེད་པ། གཞི་རིམ་གྱི་ལས་བྱེད་པའི་གནས་འཕར་བར་མཐོངས་རྒྱ་ཆེར་གཏོང་བ་བཅས་བྱས་ནས། གཞི་རིམ་གྱི་ལས་བྱེད་པར་མདུན་ལམ་ཡོད་པ་དང་འཇོན་ཐང་ངོམ་ས་ཡོད་པ་བྱེད་དགོས། གཞི་རིམ་གྱི་ལས་བྱེད་པའི་ཁུར་པོ་ཡང་དུ་ཏན་ཏིག་བཏང་ནས། ཁོང་ཚོར་མང་ཚོགས་ཀྱི་ཁྲོད་ཟབ་ཞུགས་དང་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་ཐོན་སྐྱེད་དང་འཚོ་བའི་ཁྲོད་ཀྱི་དཀའ་ངལ་དང་གནད་དོན་ཐག་གཅོད་བྱེད་པའི་དུས་ཚོད་དེ་བས་མང་བ་ཡོང་བར་བྱེད་དགོས། གཞི་རིམ་གྱི་ལས་བྱེད་པས་གོང་རིམ་གྱི་སྲིད་ཇུས་དང་བཀའ་རྒྱ་ཁག་བརྒྱུད་བསྒྲགས་དང་དོན་འཁྱོལ་བྱེད་དགོས་པས། རྒྱ་ཆེའི་གཞི་རིམ་ལས་བྱེད་པས་བསམ་བློར་བཅིངས་འགྲོལ་གཏོང་བ་དང་། ལྟ་བ་གསར་བརྗེ་བྱེད་པ། སྣེ་ཁྲིད་ཀྱི་ནུས་པ་ཧུར་ཐག་འདོན་པ་བཅས་བྱས་ནས། མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ཏེ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་དགོས་ཞེས་གསུངས་པ་རེད། “ཁྱོད་ཚོའི་ཁྱིམ་གྱི་འཚོ་བ་བདེ་སྐྱིད་ལྡན་པ་དང་བྱ་གཞག་ལམ་ལྷོངས་བྱུང་བ་གོ་ཐོས་བྱུང་བས། ངས་ཁྱོད་ཚོར་ལྟ་བར་ཡོང་བ་ཡིན” གད་ཁ་གྲོང་རྡལ་གད་ཁ་གྲོང་ཚོར་ཝང་ཅུན་ཀྲེང་ཡུལ་མི་བསོད་ནམས་དབང་འདུས་ཁྱིམ་གྱི་ཆུ་ཚན་ཡོད་པའི་དམངས་སྲོལ་གནས་ཚང་དུ་ཕེབས་ཏེ། གནས་ཚང་གི་ཁང་གླ་དང་ཞག་སྡོད་ཆ་རྐྱེན་ནས་ཐབ་ཚང་གི་སྒྲིག་ཆས་བར་ཞིབ་ཕྲ་གཟིགས་པ་མ་ཟད་བཀའ་འདྲིའང་ཞིབ་ཚགས་གནང་བ་རེད། བསོད་ནམས་དབང་འདུས་ཕྱི་རྒྱལ་དུ་ཆུ་ཚན་གསོལ་མགྲོན་ཁང་གི་གཉེར་སྐྱོང་དོ་དམ་བྱེད་སྟངས་སློབ་སྦྱོང་བྱེད་པར་སྐྱོད་མྱོང་བ་དང་། ད་ཆ་དམངས་སྲོལ་གནས་ཚང་ལ་ལོར་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་རག་གི་ཡོད་པ་མཁྱེན་སྐབས། ཝང་ཅུན་ཀྲེང་གིས་དགྱེས་ཚོར་ཆེན་པོས“ཁྱོད་ཚོའི་བདེ་སྐྱིད་ལྡན་པའི་འཚོ་བའི་ཁྲོད་ནས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་འགྲན་ཟླ་བྲལ་བའི་ཁྱད་འཕགས་རང་བཞིན་གང་ལེགས་ཚོར་ཐུབ་ཀྱི་འདུག ཁྱོད་ཚོས་མུ་མཐུད་འབད་བརྩོན་བྱས་ནས་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་སྐྱེལ་ཐུབ་པའི་རེ་བ་ཡོད”ཅེས་གསུངས། ཞལ་གྱེས་ཁར་ཝང་ཅུན་ཀྲེང་གིས་དེ་གར་ལུས་གསོ་བྱེད་བཞིན་པའི་ལོ་83ལ་སླེབས་པའི་བགྲེས་སོང་ཚེ་དཔལ་དང་ཅི་འཕྲོས་མོལ་འཕྲོས་གནང་ནས། ཁོང་སྐུ་གཟུགས་གསལ་ཐང་དང་། ཚེ་རིང་ནད་མེད། འཚོ་བ་བདེ་སྐྱིད་ལྡན་པ་བཅས་ཡོང་བའི་སྨོན་འདུན་ཞུས་པ་རེད།
ཝང་ཅུན་ཀྲེང་གིས་ཤང་གྲོང་དང་ཁེ་ལས་སུ་བརྟག་ཞིབ་གནང་ཞིང་། བོད་ལྗོངས་རྟ་རྭ་འོག་ནས་ཆང་ལས་རིགས་དང་། གཞིས་རྩེ་ཅིན་ཧྲེང་དྭངས་གཙང་ཚ་ཤུགས། བོད་ལྗོངས་མ་འཇོག་གསོག་ནུས་ཚན་རྩལ་ཚད་ཡོད་ཀུང་སི། རྣམ་གླིང་རྫོང་ཨེ་མར་ཞོག་ཁོག་འདེབས་རྒྱ་ཆེར་གཏོང་རྟེན་གཞི། ཨེ་མར་ཤང་གི་ལྷོ་རི་བྱང་རིའི་སྔོ་འགྱུར་འདུ་འགོད་ཀྱི་འགན་ལེན་རང་བཞིན་གྱི་སྡོང་ཕྲུག་ར་བའི་རྟེན་གཞི་བཅས་ཀྱི་ཐོན་སྐྱེད་འཁོར་ཁང་དང་དྲོད་ཁང་ཆེན་པོར་ཕེབས་ཏེ་བཟོ་རྩལ་དང་། ཕྱིར་ཚོང་། ཁྲོམ་ར་བཅས་ཀྱི་སྐོར་བཀའ་འདྲི་གནང་བ་རེད། ཁོང་གིས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ནས། ཁྲོམ་རའི་དཔལ་འབྱོར་གྱི་ཆོས་ཉིད་ལ་བརྩི་སྲུང་ཞུས་ཏེ་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་རྒྱུན་མཐུད་འགྲོ་བར་སྐུལ་འདེད་དང་། ཐོན་རྫས་ཀྱི་སྤུས་ཚད་ལེགས་སུ་གཏོང་བ། ཐོན་རྫས་ཀྱི་མ་གནས་དམའ་རུ་གཏོང་བ། ཁྲོམ་ར་གསར་འབྱེད་དང་སྤུས་རྟགས་གཏོད་པ་བཅས་བྱས་ཏེ། “ཐོན་སྐྱེད་ལ་གཞིགས་ནས་དགོས་མཁོ་གཏན་འཁེལ་བྱེད་པ”དེ“དགོས་མཁོར་གཞིགས་ནས་ཐོན་སྐྱེད་གཏན་འཁེལ་བྱེད་པའི”ཕྱོགས་སུ་སྒྱུར་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་དང་། ཞིང་ལས་དང་གྲོང་གསེབ་ཀྱི་སྤུས་ལེགས་ཐོན་ཁུངས་ལ་བརྟེན་པ་དང་ཡུལ་བབ་དང་བསྟུན་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། ཤིང་རིགས་འདེབས་འཛུགས་དང་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཁྱད་ལྡན་ཐོན་ལས་གཞི་ཁྱོན་ཅན་དང་། ལྗང་མདོག་ཅན། སྤུས་རྟགས་ཅན་བཅས་སུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཚན་རྩལ་ཆེད་བསྐོས་པས་ཞབས་འདེགས་ཞུ་ཡུལ་ས་ཁུལ་གྱི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་དང་ཟུང་འབྲེལ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། གཞི་རིམ་དུ་ཞིང་ལས་ཚན་རྩལ་ཁྱབ་གདལ་དང་བེད་སྤྱོད་བྱས་ནས། ཚན་རྩལ་གྱིས་ཞིང་ལས་དེང་རབས་ཅན་ལ་འཕུར་མཆོང་གི་གཤོག་ཟུང་བསྒར་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
ཝང་ཅུན་ཀྲེང་སྔ་རྗེས་སུ་རྣམ་གླིང་རྫོང་རྩེ་ལའི་རྡོ་རྒྱུ་བཟོ་གྲྭ་དང་། གཞིས་རྩེ་གྲོང་ཁྱེར་ཉེན་ཆེའི་རྫས་འགྱུར་དངོས་རྫས་རླངས་འཁོར་འཇོག་ས། གཞིས་རྩེ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ། གཞིས་རྩེ་གྲོང་ཁྱེར་ལས་རིགས་ལག་རྩལ་སློབ་གླིང་བཅས་སུ་ཕེབས་ནས། བདེ་འཇགས་ཐོན་སྐྱེད་དང་། ཕྱི་ཕྱོགས་སྒོ་དབྱེ། རྣམ་གྲངས་འཛུགས་སྐྲུན་སོགས་ལ་བརྟག་ཞིབ་གནང་བ་རེད།
བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་གཞིས་རྩེ་གྲོང་ཁྱེར་གྱི་ལས་དོན་སྙན་སེང་གསན་པ་དང་། གཞིས་རྩེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་ཞིང་། ཁོང་གིས། གཞིས་རྩེ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ཏེ། གཞིས་རྩེ་གྲོང་ཁྱེར་གྱི་ལས་དོན་དེ་རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་ཇུས་འགོད་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི“དོན་ཆེན་བཞི”རང་རྟོགས་ངང་དོན་འཁྱོལ་བྱེད་རིང་གཞིས་རྩེ་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཕན་འབྲས་གསར་པ་ཧུར་ཐག་ཐོན་པ་དང་འཕེལ་རྒྱས་གསར་པ་རྒྱུན་ཆད་མེད་པར་ཡོང་བར་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་དང་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ནས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”དམ་འཛིན་ཡག་པོ་བྱས་ཏེ། གཞིས་རྩེའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། དུས་བབ་གསར་པའི་འོག་གི་ལས་དོན་གྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་བཏང་ནས་འཆར་གཞི་དོན་དངོས་སུ་འགྱུར་བར་བྱེད་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་སྤྱི་ཡོངས་དང་ཆ་ཤས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས། བསམ་བློའི་འདུ་ཤེས་གསར་བརྗེས་བྱས་ནས་བསམ་བློར་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས། མི་དམངས་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་གཏོར་འཛུགས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས། བརྒྱུད་རིམ་གྱི་འདུ་ཤེས་མཐའ་འཁྱོངས་བྱས་ནས་བཀོད་སྒྲིག་དང་དོན་འཁྱོལ་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས། ཉེན་བརྡ་རྒྱུན་གཏོང་དང་རྒྱུན་དུ་ནས་དོགས་ཟོན་མཐའ་འཁྱོངས་བྱས་ནས་ཡུན་རིང་བདེ་འཁོད་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་དགོས། ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་དང་ཁྲིམས་སྐྱོང་ཅན་གྱི་འདུ་ཤེས་ལ་བརྟེན་ནས། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་རྒྱུན་དུ་སྤེལ་བ་དང་གཞི་རིམ་དུ་སྒྲུབ་པ་དང་། ཕུགས་ཕན་གྱི་ཐབས་ཇུས་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱད་དེ་བརྟན་ལྷིང་སྲུང་སྐྱོང་གི་མང་ཚོགས་རྨང་གཞི་བརྟན་དུ་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས། གཞི་རིམ་གྱི་འགལ་བ་དང་རྩོད་གཞི་གྲལ་བཤེར་འདུམ་སྒྲིག་ལམ་སྲོལ་ལེགས་སུ་གཏོང་བ་དང་། ཉེན་ཁ་དང་མངོན་མེད་རྐྱེན་ངན་འབྱུང་རྩ་ནས་བཅོས་སྐྱོང་དང་། གྲལ་བཤེར་འདུམ་སྒྲིག མཉམ་དུ་གྲོས་མོལ་སོགས་ཀྱི་ལྷུ་ཚིགས་ཏན་ཏིག་དང་ཞིབ་ཚགས་བཟོས་ཏེ། འགལ་བ་དང་རྩོད་གཞི་གཞི་རིམ་དུ་སེལ་བ་དང་ཐོན་མ་ཐག་སེལ་ཐབས་ཏན་ཏིག་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གང་མགྱོགས་བཏང་ནས་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་རིག་གནས་ཀྱི་ཁྱིམ་གཞིས་སྐྲུན་དགོས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ཡོད་ཚད་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་དང་གནད་ཆེ་དམ་འཛིན་དང་གནད་མེད་ཟུར་འཇོག་མཐའ་འཁྱོངས་བྱས་ནས་ཡུལ་བབ་དང་བསྟུན་ཏེ་གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་དགོས། སྒྱུར་བཅོས་གཏིང་ཟབ་བྱས་ནས་ནང་སྐྱེས་སྒུལ་ཤུགས་ཆེ་རུ་བཏང་སྟེ། ཞིང་འབྲོག་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་གྱི་སྤུས་རྟགས་བཏོད་དེ་ལྗང་མདོག་ཐོན་ལས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་དགོས། ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ནས། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཆད་སྐྱོན་སེལ་བ་དང་ཞན་ཆ་སེལ་དགོས། ཉེ་འཁོར་རྒྱལ་ཁབ་ལ་སྒོ་མོ་འབྱེད་པའི་ཐད་གཞིས་རྩེར་ཐུན་མོང་མ་ཡིན་པའི་དགེ་མཚན་ལྡན་པས། ནུས་པ་འཐུས་སྒོ་ཚང་དུ་དང་། ཆུ་ཚད་མཐོ་རུ། ནུས་པ་འདོན་པ་བཅས་བྱས་ཏེ། ལྗོངས་ཡོངས་ཀྱིས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བའི་འཐབ་ས་མདུན་མར་འགྱུར་བར་བྱེད་དགོས། ཆ་རྐྱེན་འཛོམས་པའི་རྫོང་དང་ཆུས་ཀྱིས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་བཏང་ནས། ཐོན་ལས་ཀྱི་བཀོད་པ་ལེགས་སུ་ཧུར་ཐག་བཏང་སྟེ་འཕེལ་རྒྱས་ཀྱི་བར་མཐོངས་ཆེ་རུ་གཏོང་དགོས། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བར་ཤུགས་སྣོན་བརྒྱབ་ནས། ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་རྒྱུན་མཐུད་ཡངས་སུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།
ཝང་ཅུན་ཀྲེང་གིས། ཏང་འཛུགས་སྐྱོང་ལ་རྒྱུན་སྲིང་ལྷོད་མེད་ངང་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་མཐའ་འཁྱོངས་བྱས་ནས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། རིམ་ཁག་ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་སྐྱོང་ལས་རྗེས་ཀྱི་ཡང་དག་པའི་ལྟ་བ་བརྟན་པོར་འཛུགས་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་བསྲུངས་ཏེ་ཆབ་སྲིད་ཐད་ཀྱི་དོན་རྟོགས་པ་ཞིག་བྱེད་དགོས། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི་སྟོན་ཕྱོགས་བརྟན་པོར་བཙུགས་ཏེ། དཔལ་འབྱོར་ལས་དོན་ཐད་ཀྱི་ལས་བྱེད་པ་དང་འགོ་ཁྲིད་ཀྱི་ནུས་པ་ཆེ་རུ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་དང་། གནད་དོན་གྱི་འགག་རྩར་དམ་འཛིན་དང་འགལ་བ་གཙོ་བོར་དམ་འཛིན་མཁས་པོ་བྱས་ཏེ་མཐོ་སར་ལངས་ཐུབ་པ་དང་། མིག་རྒྱང་རིང་བ། བསམ་བློ་འཁོར་ཐུབ་པ། གསལ་པོ་ཤོད་ཐུབ་པ་བཅས་དངོས་འབྲེལ་ཐུབ་པར་བྱེད་དགོས། སྤྱོད་ཚུལ་མུ་མཐུད་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས། གཞི་རིམ་གྱི་ཁུར་པོ་ཡང་དུ་ཧུར་ཐག་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།