ཀརྨ་ཚེ་བརྟན་གྱིས་ལྷ་ས་གྲོང་ཁྱེར་ལ་བརྟག་ཞིབ་གནང་བ།
ཚེས་14ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའི་ཧྲུའུ་ཅི་ཀརྨ་ཚེ་བརྟན་ལྷ་ས་གྲོང་ཁྱེར་དུ་ཕེབས་ནས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། གྲོང་གསེབ་དར་རྒྱས་ལས་དོན་སོཌ་ལ་བརྟག་ཞིབ་གནང་བ་རེད།
ཝུའེ་ཤིའུ་ཁྲང་ལྷན་དུ་བརྟག་ཞིབ་ལ་ཕེབས་ཡོད་པ་རེད།
བོད་ལྗོངས་མཐོ་བརྩོན་དམངས་སྤྱོད་འབར་རྫས་མ་རྐང་ཚད་ཡོད་ཀུང་སི་རྒྱལ་ཡོངས་ཀྱི་གཞུང་ཁོངས་ཁེ་ལས་ཀུང་སི་བཅོས་སྐྱོང་དཔེ་སྟོན་ཁེ་ལས་སུ་བདམས་ཤིང་། ཀརྨ་ཚེ་བརྟན་གྱིས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་བདེ་འཇགས་ཐོན་སྐྱེད་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས“གཡོ་འགུལ་སྤུ་ཙམ་མི་གཏོང་བ་གཉིས”མཐའ་འཁྱོངས་བྱས་ནས་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་གཏིང་ཟབ་དང་རིམ་སྤོར་བྱེད་པའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་དང་། ཁེ་ལས་བཅོས་སྐྱོང་དེང་རབས་ཅན་དང་ཁྲོམ་ར་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ། འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམིགས་ཏེ་ལྟེ་བའི་ལས་སྒོའི་རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྒྱུར་བཅོས་ལས་སྒུལ་ཤུགས་འཕེལ་བ་དང་གསར་གཏོད་ལས་ཕན་འབྲས་ཐོན་ཐབས་བྱས་ནས་སྒྱུར་བཅོས་ཀྱི་ཕན་འབྲས་དེ་འཕེལ་རྒྱས་ཀྱི་ཕན་འབྲས་སུ་ཏན་ཏིག་འགྱུར་བ་བྱེད་དགོས་པ་དང་། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་ནན་དུ་དང་ཉེན་ཁར་ལྟ་འདོམས་དང་། ལྟ་ཞིབ་ཚད་ལེན་དང་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་དགོས་ཞེས་གསུངས།
ཆུ་ཤུར་རྫོང་འཁོར་རྒྱུག་དཔལ་འབྱོར་ཐོན་ལས་གླིང་དུ་ཡོད་པའི་ལྷ་ས་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་མེར་སྲེག་གློག་གཏོང་བཟོ་གྲྭའི་དུས་ཐེངས་གཉིས་པའི་རྣམ་གྲངས་སྤེལ་ཡུལ་དུ་ཀརྨ་ཚེ་བརྟན་གྱིས་བཟོ་རྩལ་གྱི་ལས་རིམ་དང་། གཙང་སེལ་བྱེད་ནུས། ཐོན་ལས་གླིང་འཕེལ་རྒྱས་བཅས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་ལྷ་སའི་ལྟེ་བའི་གྲོང་ཁྱེར་གྱི་གནས་རིམ་དང་པོའི་ནུས་པ་ལེགས་པར་བཏོན་ནས་སྔོན་ཐོན་གྱི་ཚད་གཞི་དང་ཡང་ཡང་བསྡུར་བ་དང་། ཕུགས་ཕན་གྱི་ལམ་སྲོལ་འཛུགས་པ། གད་སྙིགས་བསྡུ་བ་དང་། དབོར་བ། གཙང་སེལ། ཕྱོགས་བསྡུས་བེད་སྤྱོད་བཅས་ཀྱི་འཁོར་འབྲེལ་དོ་དམ་ལ་སྤྱི་འདོམས་ངང་དམ་འཛིན་ཡག་པོ་བཅས་བྱས་ཏེ་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་དང་ཐོན་ཁུངས་ཅན་དུ་བེད་སྤྱོད་པའི་ཚུ་ཚད་མཐོ་རུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཟམ་མི་ཆད་པར་ལེགས་སུ་གཏོང་དགོས་པའི་ནན་བཤད་གནང་ཡོད།
ཆུ་ཤུར་གྲོང་རྡལ་གྱི་འཇུན་པ་གྲོང་ཚོར་ཕེབས་སྐབས། ཀརྨ་ཚེ་བརྟན་གྱིས་གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། མིའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་སོགས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། དུད་ཚང་དུ་བསྐྱོད་དེ་མང་ཚོགས་དང་བྱམས་བརྩེའི་ངང་སྤེལ་རེས་ཀྱང་གནང་ཞིང་། ཁོང་གིས་ཉ་གྲོང་གི་ལེགས་ཆར་བརྟེན་པ་དང་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་སྟེ། “ཡུལ་སྐོར”གཞི་རྟེན་དུ་བྱས་ནས་མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་གཏོང་དགོས་པ་དང་། “ཁྲི་སྟོང་ལས་གཞི”ཡི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱས་ཏེ་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་དང་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུའི་ཚུ་ཚད་མཐོ་རུ་བཏང་ནས་གནས་འཕྲོད་ལས་འཚམ་དང་མཛེས་མཐུན་གྱི་གྲོང་གསེབ་ཅིག་གཏོད་དགོས་པའི་ནན་བཤད་གནང་བ་རེད།