རང་སྐྱོང་ལྗོངས་རིག་གནས་ཐོན་ལས་མཐུན་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་འཚོགས་པ།
ཟླ་11ཚེས་12ཉིན། བོད་རང་སྐྱོང་ལྗོངས་རིག་གནས་ཐོན་ལས་མཐུན་ཚོགས་ཀྱི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་གཉིས་པ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་རིག་གནས་ཐོན་ལས་མཐུན་ཚོགས་ཀྱི་སྒྲིག་ཡིག》(བཟོ་བཅོས་མ་ཟིན)དང《བོད་རང་སྐྱོང་ལྗོངས་རིག་གནས་ཐོན་ལས་མཐུན་ཚོགས་ཀྱི་ནོར་དོན་དོ་དམ་ལམ་ལུགས》(བཟོ་བཅོས་མ་ཟིན)ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། བོད་རང་སྐྱོང་ལྗོངས་རིག་གནས་ཐོན་ལས་མཐུན་ཚོགས་ཀྱི་སྐབས་གཉིས་པའི་ལས་འཛིན་ལྷན་ཚོགས་བདམས་ཐོན་བྱུང་ཡོད།
ཚོགས་འདུའི་ཐོག་བསྟན་དོན། བོད་ཀྱི་རིག་གནས་ཐོན་ལས་ལ་འཐབ་ཇུས་ཀྱི་ངེས་གནས་མཐོ་བ་དང་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པོ་ཡོད་ལ། རིག་གནས་ཀྱི་རྨང་གཞི་ཟབ་པ་དང་གསར་སྤེལ་གྱི་མངོན་མེད་སྟོབས་ཤུགས་ཆེན་པོ་ལྡན་པ་དང་། མ་དངུལ་གཏོང་བའི་ཐབས་ལམ་རྒྱ་ཆེ་བ། གཉེར་སྐྱོང་ཁོར་ཡུག་ལེགས་པ། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་བ་བཅས་ཀྱི་རྗེས་ཐོན་ཁྱད་ཡོན་ཡང་ལྡན་ཡོད། ལྗོངས་ཡོངས་ཀྱི་རིག་གནས་ཐོན་ལས་ལས་རིགས་ཀྱིས་མཐུན་ཚོགས་ཀྱི་སྐབས་བརྗེ་གོ་སྐབས་སུ་བྱས་ཏེ། བསམ་བློར་བཅིངས་འགྲོལ་དང་། ལྟ་བ་འགྱུར་ལྡོག སྙིང་སྟོབས་ཆེར་སྐྱེད། རང་འགུལ་ཡར་བརྩོན་བཅས་བྱས་ནས་བོད་ཀྱི་རིག་གནས་ཐོན་ལས་སྐྱོན་བྲལ་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་བཏང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་སྣོན་པ་དང་རིག་གནས་ཀྱི་འདེགས་སྐྱོར་བྱེད་དགོས།
ཤེས་རྟོགས་བྱུང་བར་གཞིགས་ན། 《བོད་རང་སྐྱོང་ལྗོངས་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་འཆར་འགོད》གཞིར་བཟུང་། 2025ལོར་སླེབས་སྐབས་བོད་ཀྱིས་ཅུང་འཐུས་སྒོ་ཚང་བའི་དེང་རབས་རིག་གནས་ཐོན་ལས་མ་ལག་འཛུགས་པ་དང་། ལྟེ་བའི་འགྲན་ནུས་ལྡན་པའི་རིག་གནས་ཁེ་ལས་དང་ཤུགས་རྐྱེན་ཆེ་ཙམ་ལྡན་པའི“རིག་གནས་བསམ་བཀོད་བོད་ལྗོངས”ཞེས་པའི་རིམ་སྤེལ་ཁས་ལེན་དཔང་འདོན་གྱི་རིག་གནས་ཐོན་རྫས་ཁག་གཅིག་སྐྱེད་སྲིང་བྱེད་པ། སྐུལ་ཁྲིད་ཀྱི་ནུས་པ་ཅུང་ཆེ་ཙམ་ལྡན་པའི་གཙོ་གནད་རིག་གནས་ཐོན་ལས་ཀྱི་རྣམ་གྲངས་ཁག་གཅིག་ལག་ལེན་བསྟར་རྒྱུར་རྒྱབ་སྐྱོར་བྱེད་པ། ཁྲོམ་ར་ཅན་དང་། ཆེད་ལས་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་གཙོ་གནད་རིག་གནས་ཐོན་ལས་འགྲེམས་ཚོགས་ཁག་གཅིག་གཏོད་པ། དཔེ་སྟོན་གྱི་ནུས་པ་མངོན་གསལ་ལྡན་པའི་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་རིག་གནས་ཐོན་ལས་དཔེ་སྟོན་གླིང(རྟེན་གཞི)ཁག་གཅིག་འཛུགས་གཏོད་བཅས་བྱེད་རྒྱུ་རེད། 2035ལོར་སླེབས་སྐབས་ལྗོངས་ཡོངས་སུ་ཤུགས་རྐྱེན་ཆེན་པོ་ལྡན་པའི་རིག་གནས་ཐོན་ལས་ཀྱི་དཔེ་སྟོན་རྣམ་གྲངས་ཁག་གཅིག་ཕྱོགས་ཡོངས་ནས་བསྐྲུན་རྒྱུ་རེད།