ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ(རྒྱ་ཆེ)ཡི་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་12ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ(རྒྱ་ཆེ)ཡི་ཚོགས་འདུ་གཙོ་སྐྱོང་གནང་ནས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་སུ་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།
ཡན་ཅིན་ཧའེ་ཡིས་གསུངས་དོན། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་སུ་བརྟག་ཞིབ་གནང་སྐབས། དུས་རབས་གསར་པའི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དང་རྒྱུན་ལས་ཨུ་ལྷན་གྱི་ཚན་ཁག་ལ་བླང་བྱ་ཁ་གསལ་བཏོན་པ་དེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རེ་བ་ནན་པོ་བཅོལ་བ་གང་ལེགས་མཚོན་པས། ཚང་མས་སློབ་སྦྱོང་ནན་ཏན་བྱེད་པ་དང་། གོ་བ་གཏིང་ཟབ་ལེན་པ། དོན་ཐོག་ཏུ་ཡག་པོ་འཁྱོལ་བ་བྱེད་དགོས་པ། ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་པ་དང་དགོངས་སྐོར་སྙན་སེང་ལམ་ལུགས་ལག་ལེན་ནན་པོ་བསྟར་ཏེ། ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་བོད་དུ་ཕྱོགས་ཡོངས་ནས་ལག་ལེན་དང་ལག་བསྟར་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས་པ། ཁྲིམས་འཛུགས་སྤུས་ཚད་མཐོ་རུ་ཧུར་ཐག་བཏང་སྟེ“ཆུང་མྱུར་བདེ”དང“འཇུག་སྒོ་ཆུང་བ”ནས་ཁྲིམས་འཛུགས་པར་གཙོ་གནད་དུ་ཤུགས་སྣོན་རྒྱག་དགོས་པ། ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་སྟེ། ལྟ་སྐུལ་ཡང་དག་དང་། ལྟ་སྐུལ་ནུས་ལྡན། ཁྲིམས་ལྟར་ལྟ་སྐུལ་བཅས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས་པ། འཐུས་མིའི་ལས་དོན་ཡག་པོ་སྒྲུབ་པར་ཤུགས་སྣོན་བརྒྱབ་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པ་བྱེད་དགོས་པ་བཅས་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། ལྷག་བསམ་རྣམ་དག་ནི་ཀུན་སྤྱོད་བཟང་ཤོས་ཡིན་པས། ཐོག་མཐའ་བར་གསུམ་དུ་སྲོག་ཤིང་གི་རྗེས་སུ་དམ་པོར་སྙེག་པ་དང་ལྷག་བསམ་རྣམ་དག་མཐའ་གཅིག་ཏུ་བྱས་ཏེ། ཏང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཁྱོན་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིས་བཀའ་གནང་མ་ཐག་དང་། ཏང་ཀྲུང་དབྱང་གིས་བཀོད་སྒྲིག་བྱས་མ་ཐག ལྗོངས་ཏང་ཨུད་ཀྱིས་བླང་བྱ་བཏོན་མ་ཐག་མི་དམངས་འཐུས་ཚོགས་ཀྱིས་དེ་མ་ཉིད་དུ་བྱ་སྤྱོད་སྤེལ་དགོས། དངོས་སྒྲུབ་ནི་ཆེས་ཐད་ཀའི་འགན་འཁྲི་ཞིག་ཡིན་པས། ཐོག་མཐའ་བར་གསུམ་དུ་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ། ཏང་གི་འགོ་ཁྲིད་མཐའ་འཁྱོངས། མི་དམངས་རང་ཁྱིམ་རང་བདག ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ནུས་ལྡན་ཡོང་བར་བྱས་ཐོག བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ལྗོངས་ཀྱི་ལག་ལེན་ཐད་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་དགོས། མི་སེམས་ནི་ཆབ་སྲིད་ཆེ་ཤོས་ཡིན་པས། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་མི་དམངས་ལ་ཞབས་འདེགས་ཞུ་བ་དང“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས་ཀྱིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་མང་ཚོགས་ལམ་ཕྱོགས་ཐོག་ཡག་པོ་བསྐྱོད་དེ། ཏང་གི་སྲིད་སྐྱོང་རྨང་གཞི་བོད་དུ་མུ་མཐུད་བརྟན་དུ་གཏོང་དགོས། མཐུན་སྒྲིལ་ནི་ཆེས་ནུས་ལྡན་གྱི་མཚོན་ཆ་ཡིན་པས། ཐོག་མཐའ་བར་གསུམ་དུ་བློ་གཅིག་སེམས་གཅིག་དང་མཉམ་སྐྱོད་མཉམ་སྐུལ་བྱས་ཏེ། ཕྱར་བ་གྲུ་འདེགས་དང་ཞི་མཐུན་བག་ཕེབས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་དགོས། སྤྱོད་གཙང་ནི་འགྱུར་མེད་ཀྱི་གདིང་ཤུགས་ཡིན་པས། སྔ་ཕྱི་བར་གསུམ་དུ་ཀུན་སྤྱོད་ལ་བརྟེན་ནས་རང་གཅེས་དང་གཞུང་དྲང་སྤྱོད་གཙང་བྱས་ཏེ། སྣེ་ཁྲིད་དེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་དང་། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱ་རྒྱུ་རྣམ་པ་ཀུན་ཏུ་ནན་པོ་དང་། དམ་འཛིན། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས།