ཁྲེན་ཡུང་ཆིས་རིགས་གཅིག་མཁས་ཅན་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་བཞུགས་མོལ་ཚོགས་འདུར་ནན་བཤད་གནང་དོན།
རིགས་གཅིག་མཁས་ཅན་དང་ཤེས་ལྡན་པའི་ནུས་པ་གང་ལེགས་བཏོན་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་གསར་བསྐྲུན་པར་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་ལྷ་སར་རྒྱལ་ཁབ་ཚན་རྩལ་གོང་འཕེལ་བྱ་དགའ་ཐོབ་མཁན་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་སྤྱི་མིག་དམར་དང་བརྒྱ་སྟོང་ཁྲི་ཡི་ཤེས་ལྡན་པའི་འདུ་འགོད་རྒྱལ་ཁབ་རིམ་པའི་འོས་མི་བོད་ལྗོངས་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་ཡོན་ཀྲང་དཀོན་མཆོག་བཀྲ་ཤིས་དང་བཞུགས་མོལ་གནང་ཞིང་། ཁོང་ཚོས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་བཏོན་པའི་བསམ་འཆར་དང་གྲོས་འགོ་གསན་གནང་བ་རེད།
ཁྲེན་ཡུང་ཆིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་རིགས་གཅིག་མཁས་ཅན་གཉིས་པོས་དུས་ཡུན་རིང་པོའི་ནང་རང་ལྗོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།
ཁྲེན་ཡུང་ཆིས་རིགས་གཅིག་མཁས་ཅན་གཉིས་ཀྱིས་བཏོན་པའི་བསམ་འཆར་དང་གནད་དོན་རེ་རེ་བཞིན་ལ་ལན་བསྐྱོན་གནང་བ་དང་། འབྲེལ་ཡོད་སྡེ་ཚན་གྱིས་རང་འགུལ་ངང་འབྲེལ་མཐུད་དང་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་བླང་བྱའང་བཏོན་གནང་ཡོད། ཁོང་གིས། རིགས་གཅིག་མཁས་ཅན་བློ་མཐུན་གཉིས་པོས་དམངས་དོན་གཉེར་བའི་ཐོག་མའི་བསམ་འདུན་མུ་མཐུད་བརྟན་སྲུང་བྱེད་པ་དང་། ཚན་རིག་མཁས་ཅན་རྒན་རབས་པ་ཚོའི་མེས་རྒྱལ་བློ་ལ་བཅངས་ཤིང་མི་དམངས་ལ་ཞབས་འདེགས་ཞུ་བའི་ཕུལ་བྱུང་གཤིས་རྒྱུད་རྒྱུན་འཛིན་དང་དར་སྤེལ་གཏོང་བ། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོ་གལ་ཆེན་ལ་དམིགས་པ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། བརྟག་ཞིབ་གཏིང་ཟབ་དང་ལྗོངས་བབ་གསལ་རྟོགས་བཅས་བྱས་ནས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་བསམ་འཆར་རྩ་ཆེན་མང་ཙམ་འདོན་དགོས་པ་དང་། ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། བོད་ལུགས་གསོ་རིག་དང་དངུལ་རྩ་དཔལ་འབྱོར་སོགས་ཁྱབ་ཁོངས་ཁྲོད་བློ་རྩ་གཅིག་སྒྲིམ་གྱིས་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་ཚན་རྩལ་གྱི་གྲུབ་འབྲས་དེ་བས་མང་བ་ཧུར་ཐག་བཏོད་ནས། རང་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་དངུལ་རྩ་སོགས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་དགོས། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་རིགས་གཅིག་མཁས་ཅན་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཆབ་སྲིད་ཐད་ཡིད་ཆེས་གཏིང་ཟབ་དང་། བསམ་བློའི་ཐད་རང་འགུལ་ཁྲིད་སྟོན། ལས་དོན་ཐད་གོ་སྐབས་སྐྲུན་པ། འཚོ་བའི་ཐད་སེམས་ཁུར་ལྟ་རྟོག་བཅས་བྱེད་པ་དང་། མཐུན་སྦྱོར་འབྲེལ་གཏུག་དང་ཞབས་ཞུ་དང་འབྲེལ་མཐུད་ལས་དོན་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། རྒྱ་ཆེའི་རིགས་གཅིག་མཁས་ཅན་དང་ཤེས་ལྡན་པ་ཚོར་བྱས་རྗེས་འཇོག་ཐུབ་པའི་ཆ་རྐྱེན་བཟང་པོ་སྐྲུན་པ་བཅས་བྱས་ནས། ཁོང་ཚོས་བོད་ཡུན་རིང་བདེ་འཁོད་དང་སྤུད་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་མང་བ་འབུལ་བར་ཁྲིད་སྟོན་བྱེད་དགོས་ཞེས་གསུངས་པ་རེད།