ཁྲེན་ཡུང་ཆི་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཡིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། འགོ་ཁྲིད་ལས་བྱེད་པའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་ལས་བྲལ་རྩིས་བཤེར་གདེང་འཇོག་དམིགས་ཚད་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ལག་བསྟར་བསམ་འཆར་དང་འོད་ཤུགས་བྱེ་བཅོས་ཀྱི་ཚོད་ལྟའི་ལས་དོན་བཀོད་སྒྲིག་གནང་བ་མ་ཟད། གོམ་སྟབས་རྗེས་མའི་ལས་དོན་ཡང་བཀོད་སྒྲིག་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལང་ཧྥུའུ་ཁོན་དང་། ཝུའེ་ཤིའུ་ཁྲང་། ཞུས་ཀྲེ་ཐའོ། བསྟན་པ། ཚེ་རིང་ཕུན་ཚོགས། ཀྲང་ལི་བཅས་ཚོགས་འདུར་ཞུགས་པ་རེད།
ཁྲེན་ཡུང་ཆི་ཡིས་གསུངས་དོན། འགོ་ཁྲིད་ལས་བྱེད་པའི་རང་བྱུང་ཐོན་ཁུངས་རྒྱུ་ནོར་གྱི་ལས་བྲལ་རྩིས་བཤེར་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བའི་བྱ་ཐབས་གལ་ཆེན་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ“མཚོ་བོད་ས་མཐོའི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་དང་འགན་འཁྲི་ལྕི་ཤོས་ནི་སྐྱེ་ཁམས་ཡིན་པ་དང་། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་དེའང་སྐྱེ་ཁམས་ཡིན་པའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་བསྟར་བ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ། ཐཱན་ཉུང་དང་། སྦགས་བཙོག་ཉུང་གཏོང་། སྔོ་ལྗང་རྒྱ་སྐྱེད། འཕར་སྣོན་བཅས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། རང་བྱུང་ནགས་ཚལ་སྲུང་སྐྱོང་དང་། གཙོ་གནད་ས་ཁོངས་ཀྱི་ནགས་བཟོ་སྔོ་འགྱུར། ས་ཆུ་ཤོར་བར་བཅོས་སྒྲིག ཐང་རྒོད་ཅན་འགོག་བཅོས། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་སོགས་ཀྱི་རྣམ་གྲངས་རྒྱུན་མཐུད་ལག་བསྟར་བཅས་བྱས་ཏེ་བོད་ཀྱི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས། རྩིས་བཤེར་གདེང་འཇོག་གི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དཔྱད་ཞིབ་བྱས་འབྲས་སྤྱོད་ཤུགས་ཆེ་རུ་གཏོང་བ། འགོ་ཁྲིད་ལས་བྱེད་པས་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་དོ་དམ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲི་ལག་བསྟར་ཏན་ཏིག་བྱེད་པར་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་རང་སྐྱོང་ལྗོངས་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་ལེན་གལ་ཆེན་བྱེད་དགོས།
ཁྲེན་ཡུང་ཆི་ཡིས་ནན་བཤད་གནང་དོན། འོད་ཤུགས་གསར་སྤེལ་དང་སྲོལ་རྒྱུན་གྱི་བྱེ་བཅོས་ཟུང་འབྲེལ་བྱེད་པ་ནི་ཉི་ནུས་དང་། ས་ཆ། ཆུ་སོགས་ཐོན་ཁུངས་སྣ་ཚོགས་ཕྱོགས་བསྡུས་བེད་སྤྱོད་བྱས་ནས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ཡོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱ་རྒྱུ་དེ་རེད། རྒྱལ་ཁབ་ཀྱི་འབྲེལ་ཡོད་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་གཞན་གྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། ལྗོངས་བབ་དང་འཚམ་པའི་འོད་ཤུགས་གསར་སྤེལ་དང་། ཐང་རྒོད་ཅན། བྱེ་འགྱུར་བཅོས་སྐྱོང་བཅས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་སྟངས་ཚན་རིག་དང་མཐུན་པའི་ངང་འཚོལ་ཞིབ་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་ལེགས་གཏོང་གི་འཁོར་རྒྱུག་བཟང་པོར་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་དམ་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས།