ཁྲེན་ཡུང་ཆི་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཡིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། བུན་ལོར་རྣམ་གྲངས་འཛུགས་སྐྲུན་ལས་དོན་ལ་བཀོད་གཏོང་དང་སྐུལ་འདེད་གཏོང་བ་དང་། ཞབས་ཞུའི་འཛད་སྤྱོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཞིག་དང་མཁའ་འགྲུལ་ཁྱབ་ཁོངས་འཕེལ་རྒྱས་ཀྱི་འབྲེལ་ཡོད་སྲིད་ཇུས་ལ་ཞིབ་འཇུག་བྱེད་པ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད། རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་རེན་ཝེ་དང་། ལང་ཧྥུའུ་ཁོན། ཝུའེ་ཤིའུ་ཁྲང་། ཞུས་ཀྲེ་ཐའོ། བསྟན་པ། ཚེ་རིང་ཕུན་ཚོགས། ཀྲང་ལི་བཅས་ཚོགས་འདུར་ཞུགས་པ་རེད།
ཁྲེན་ཡུང་ཆི་ཡིས་གསུངས་དོན། དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་དང་། རྒྱལ་བུན་མང་དུ་གཏོང་བ། ས་གནས་སྲིད་གཞུང་གི་ཆེད་དོན་བུན་ལོར་སོགས་བུན་ལོར་རྣམ་གྲངས་འཛུགས་སྐྲུན་ལ་གང་མགྱོགས་སྐུལ་འདེད་གཏོང་བ་དེ་དགོས་མཁོ་རྒྱ་ཆེར་གཏོང་བ་དང་། སྔོན་དཔག་ལ་ཤུགས་སྣོན་རྒྱག་པ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཚུགས་གནས་སྔར་བས་མཐོ་རུ་བཏང་སྟེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་བྱེད་པ་དང་། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། སྡེ་ཚན་དབར་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ལས་ཡུན་ལྡོག་རྩིས་རྒྱག་པ་དང་རི་མོ་བཀལ་ནས་ལས་རིམ་གསལ་པོར་བཟོ་བ། བུན་ལོར་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ། མ་དངུལ་སྤྱོད་པའི་ལས་ཕྱོད་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། དངོས་སྒྲུབ་ལས་འབོར་དེ་བས་མང་བ་ཞིག་ཆགས་པར་བྱས་ནས་མ་འཇོག་གི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས།
ཁྲེན་ཡུང་ཆི་ཡིས་ནན་བཤད་གནང་དོན། འཛད་སྤྱོད་ནི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆེས་རྒྱུན་སྲིང་དང་ཆེས་རྨང་གཞིར་གྱུར་པའི་སྒུལ་ཤུགས་ཤིག་རེད། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཞབས་ཞུའི་འཛད་སྤྱོད་དང་མཁོ་སྤྲོད་ལ་ཤུགས་སྣོན་བརྒྱབ་ནས་བཟའ་བཏུང་དང་། ཞག་སྡོད། རྒན་གསོ་བུ་བཅོལ། རིག་གནས་རོལ་རྩེད། ཡུལ་སྐོར། ལུས་རྩལ། བདེ་ཐང་སོགས་ཁྱབ་ཁོངས་ཀྱི་འཛད་སྤྱོད་ཐོན་རྫས་དང་ཞབས་ཞུའི་མཁོ་སྤྲོད་རྒྱུན་ཆད་མེད་པར་ལེགས་སུ་དང་རྒྱ་ཆེར་བཏང་སྟེ། བོད་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་མི་རིགས་ཁག་གི་མང་ཚོགས་དང་བོད་དུ་ཡོང་མཁན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་རང་གཤིས་ཅན་དང་། སྣ་མང་ཅན། སྤུས་ཚད་ཅན་བཅས་ཀྱི་འཛད་སྤྱོད་དགོས་མཁོ་སྔར་བས་སྐོང་ཐུབ་པར་བྱེད་དགོས། ཞབས་ཞུའི་འཛད་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། ཞབས་ཞུའི་འཛད་སྤྱོད་རྣམ་པ་གསར་གཏོད་བྱེད་པ། ཁྱད་ལྡན་སྤུས་རྟགས་སྐྱེད་སྲིང་བྱེད་པ། “ཚོང་ལས་དང་། ཡུལ་སྐོར། རིག་གནས། ལུས་རྩལ། བདེ་ཐང”བཅས་མཉམ་འདྲེས་ཀྱི་འཛད་སྤྱོད་རྣམ་པ་གསར་པ་རྒྱ་ཆེར་གཏོང་བ་བཅས་བྱས་ནས་འཛད་སྤྱོད་ཀྱི་མངོན་མེད་སྟོབས་ཤུཌ་སྔར་བས་འདོན་སྤེལ་བྱེད་དགོས། གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱས་ཏེ“གསར་གཉིས”སྲིད་ཇུས་དང་རང་སྐྱོང་ལྗོངས་ཀྱི“1+N”ཡི་ལེ་ལག་ཚང་བའི་སྲིད་ཇུས་སོགས་སྲིད་ཇུས་རབ་དང་རིམ་པ་དུས་ཐོག་ཏུ་དོན་འཁྱོལ་ཐུབ་པ་བྱས་ནས་དངུལ་སྨར་གྱིས་ཁེ་ལས་ལ་ཕན་འདོགས་པ་དང་དམངས་ལ་ཁེ་ཕན་སྐྲུན་དགོས། རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། ནོར་ཁྲལ་དང་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྩལ་ནུས་གསོ་སྦྱོང་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ཞབས་ཞུའི་འཛད་སྤྱོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས།
རང་སྐྱོང་ལྗོངས་མཁའ་འགྲུལ་ཁྱབ་ཁོངས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་སྲིད་ཇུས་ལ་ཞིབ་འཇུག་གནང་སྐབས། ཁྲེན་ཡུང་ཆི་ཡིས་ཀུན་སྤྱོད་མཁའ་འགྲུལ་ཐོན་ལས་ཀྱི་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་ལས་སྐྱེད་སྲིང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། འཕེལ་རྒྱས་མྱུར་པོ་འགྲོ་བའི་དམིགས་ཚད་མངོན་འགྱུར་ཡོང་བ་བཅས་བྱས་ནས། བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།