དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་གཙོ་སྐྱོང་གནང་ནས།

    ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-11-07

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲཌ་དང་སློབ་སྦྱོང་བྱས་པ་མ་ཟད། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་ཀྱང་བྱས་པ་རེད།

    ཚོགས་འདུར་ཟླ་10ཚེས་28ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུར་ཞུགས་པ་དང་། འབོ་གསེར་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་ཞལ་འཛོམས་ཐེངས་བཅུ་དྲུག་པར་ཞུགས་པ། མེ་ཤུགས་འཕུར་མདའི་དམག་དཔུང་གི་ལུའེ་ཞིག་ལ་གཟིགས་ཞིབ་གནང་སྐབས་བཅས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཝང་ཅུན་ཀྲེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གྱིས་ཏང་དང་རྒྱལ་ཁབ་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་འགྲོ་འོང་ཟབ་ཏུ་གཏོང་བ། རྒྱལ་སྲུང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་གནང་ནས། ང་ཚོས་ལས་དོན་ཁག་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས་རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་དུ་འབྲེལ་བའི་སློབ་སྲོལ་དར་སྤེལ་བཏང་ནས། སྒོ་དབྱེ་འཕེལ་རྒྱས་ལ་སྐུལ་འདེད་དང་ཕྱི་ཕྱོགས་དབར་འགྲོ་འོང་ཟབ་ཏུ་བཏང་སྟེ། འཛམ་གླིང་གིས་བོད་ལྗོངས་དེ་བས་ལེགས་པ་ཤེས་རྟོགས་དང་འཛམ་གླིང་ཐོག་བོད་དེ་བས་མགྱོགས་པ་སྐྱོད་ཐུབ་པར་བྱེད་དགོས། གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ་དང་ཡུལ་བབ་དང་བསྟུན་ནས་གཙོ་ཁྲིད་ཐོན་ལས་འཕེལ་རྒྱས་བཏང་སྟེ། རིམ་པ་ཁག་དང་རིགས་ཁག་གི་གླིང་ཁུལ་ཁག་ཐོན་སྐྱེད་ནུས་ཤུགས་གསར་མར་སྐྱེད་སྲིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཡུལ་ས་གཙོ་བོར་སྒྱུར་དགོས། མཐོ་རིམ་སློབ་གསོ་ཡག་པོ་གཉེར་བ་དང་། ཆེད་ལས་བཀོད་སྒྲིག་ཡག་པོ་བྱེད་པ། ལེགས་ཆའི་རིག་ཚན་སྟོབས་ཆེར་གཏོང་བ་བཅས་བྱས་ནས། སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། རྒྱལ་སྲུང་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ། དཔོན་དམག་གི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དོན་དངོས་སེམས་ནུས་ཡོད་རྒུས་ཡག་པོ་བསྒྲུབས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་སྒྱུར་དགོས། སྐོར་གཟིགས་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་སྐོར་གཟིགས་དག་ཐེར་ལ་དམ་འཛིན་ནན་པོ་བྱས་ནས། སྐོར་གཟིགས་ཀྱི“མཇུག་མཐའི་ལས་དོན”ཏན་ཏིག་བསྒྲུབས་ཏེ། གནད་དོན་དག་ཐེར་མཐར་ཕྱིན་དང་དག་ཐེར་གནད་འཁེལ་ཐུབ་པར་བྱེད་དགོས། ལྗོངས་ཡོངས་ཀྱི་སྐོར་གཟིགས་དང་སྐོར་ཞིབ་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་སྐོར་གཟིགས་ངེས་གནས་བརྟན་པོར་སྲུང་བ་དང་། སྐོར་གཟིགས་སྐོར་ཞིབ་ལས་དོན་གྱི་སྤུས་ཚད་ལེགས་སུ་དང་ཕན་འབྲས་ཆེ་རུ་གཏོང་བ། ནན་པའི་རྩ་བའི་དགོངས་གཞིར་བརྟེན་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་ཆེད་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་བྱེད་དགོས།

    ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་བདུན་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཤིང་། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རིག་གནས་འཛུགས་སྐྱོང་དེ་རྒྱལ་སྐྱོང་སྲིད་འཛིན་གྱི་གནས་བབ་གལ་ཆེན་ཐོག་བཞག་ནས། རིག་གནས་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་རིགས་པའི་གཞུང་ལུགས་གལ་ཆེན་དང་ལག་ལེན་གྱི་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བཏབ་སྟེ། ང་ཚོས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དྲིལ་བསྒྲགས་བསམ་བློ་རིག་གནས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་རིག་གནས་དགོངས་པར་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་། བསམ་པའི་སྟོབས་ཤུགས་ཆེན་པོ། ཕན་ཡོད་ཀྱི་རིག་གནས་ཆ་རྐྱེན་བཅས་མཁོ་འདོན་བྱེད་དགོས། རིག་གནས་ཀྱི་གདེང་ཚོད་སྔར་བས་བརྟན་དུ་གཏོང་བ་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པར་ཤུགས་སྣོན་རྒྱག་པ། དུས་རབས་གསར་པར་འབད་འབུངས་ལྷོད་མེད་བྱེད་པའི་གཙོ་རྒྱུན་གྱི་བསམ་བློའི་གླེང་ཕྱོགས་སྲ་བརྟན་དང་སྟོབས་ཆེར་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་ལག་ལེན་ཤུགས་ཆེན་བསྟར་བ། ཕྱི་ཕྱོགས་ཀྱི་དྲིལ་བསྒྲགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ། འདུ་ཤེས་འཛིན་སྟངས་ཀྱི་ཉེན་ཁ་ནུས་ཤུགས་ཡོད་རྒུས་འགོག་ཟོན་དང་སེལ་བ། རིག་གནས་ཀྱི་ཁུལ་སྟོབས་ཆེན་སྐྲུན་པར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ། བོད་ཀྱི་རིག་གནས་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་གཏོང་བ། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་རང་ལྗོངས་ཀྱི་དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ལ་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་བྱེད་དགོས།

    ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་སྲིད་ལས་དོན་ཐད་བཏོན་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་། ལྗོངས་ཡོངས་ཀྱི་དམངས་སྲིད་ལས་དོན་གྱི་གནས་ཚུལ་སྙན་སེང་ཉན་པ་མ་ཟད། འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་ཀྱང་བྱས་པ་རེད། ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དམངས་སྲིད་ལས་དོན་ནི་དམངས་འཚོ་དང་འབྲེལ་བ་ཡོད་ལ། དམངས་སེམས་དང་ཡང་འབྲེལ་བ་ཡོད། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོས་དམངས་སྲིད་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། མི་རིགས་ཁག་གི་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ཡག་པོ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་དམངས་སྲིད་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་མཐའ་འཁྱོངས་དང་། གཞི་རྩའི་དམངས་འཚོ་འགན་སྲུང་གི་ཆུ་ཚད་མཐོ་རུ་གཏོང་བ། “དམངས་འཚོའི་འདུ་འགོད་ཆེན་པོ་བཅུར”སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། གཞི་རྩའི་དམངས་འཚོ་འགན་སྲུང་གི་མ་ལག་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་དགོས། སྤྱི་ཚོགས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་རྒན་གསོའི་བྱ་གཞག་དང་རྒན་གསོའི་ཐོན་ལས་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། གཞིས་ལུས་བྱིས་པ་དང་གཞིས་ལུས་བུད་མེད་ལ་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་དང་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། གཞི་རིམ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཏང་གིས་དམངས་སྲིད་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བརྟན་པོར་འཆང་བ་དང་། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ཁག་གི་མང་ཚོགས་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ། རང་འགུལ་ངང་མི་རིགས་ཁག་གི་མང་ཚོགས་ལ་བྱ་བ་བཟང་པོ་སྒྲུབ་པ་དང་ཁོང་ཚོའི་དཀའ་གནད་སེལ་བ། མང་ཚོགས་ཀྱིས་མཐོང་ཐུབ་པ་དང་ཚོར་ཐུབ་པའི་དོན་དངོས་ཁག་གཅིག་སྟོབས་ཤུགས་གཅིག་སྡུད་ཀྱིས་སྒྲུབ་པ་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    ཚོགས་འདུར་ད་དུང་དོན་གནད་གཞན་དག་ལའང་ཞིབ་འཇུག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།