ཏང་གིས་ལས་དོན་ཐམས་ཅད་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས།
སྲིད་ཏང་གི་འགོ་ཁྲིད་ནི་འཛམ་གླིང་རྒྱལ་ཁབ་ཁག་གིས་རང་གི་སྲིད་སྐྱོང་མངོན་འགྱུར་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཡིན། མི་འབོར་གྱི་གཞི་ཁྱོན་ཧ་ཅང་ཆེ་ཞིང་མི་རིགས་བསྐྱར་དར་དོན་དུ་གཉེར་བའི་རླབས་ཆེན་རྒྱལ་ཁབ་ཅིག་ལའང་ངེས་པར་དུ་སྲ་ཤིང་བརྟན་པའི་འགོ་ཁྲིད་སྲོག་ཤིང་ཞིག་དགོས་པ་སྨོས་མེད་རེད།
ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཡོད་མི་སྲིད་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡང་ཡོད་མི་སྲིད་པ་ལོ་རྒྱུས་ལས་ར་སྤྲོད་ཡང་ཡང་བྱས་ཡོད། ཉེ་རབས་ནས་བཟུང་། རྒྱལ་ཁབ་ལ་བརྙས་བཅོས་གཟེད་པ་དང་། མི་དམངས་དཀའ་སྡུག་མྱོང་བ། ཤེས་དཔལ་ཉམས་དམས་སུ་འགྲོ་བ་བཅས་བྱུང་བ་དང་། ཕྱོགས་ཁག་གི་ཆབ་སྲིད་སྟོབས་ཤུགས་གཅིག་འཇགས་གཅིག་ལངས་བྱུང་བ། ཕྱོགས་ཁག་གི་སྤྱོད་བཟང་འདུན་ཆེའི་མི་སྣ་གཅིག་རྗེས་གཉིས་མཐུད་ངང་ཐོན་ཡོད། འོན་ཀྱང་འཚོལ་ཞིབ་སྣ་ཚོགས་དང་། འབད་འཐབ་སྣ་ཚོགས། ཚོད་ལྟ་སྣ་ཚོགས་བཅས་ཚང་མ་ཕམ་ཉེས་བྱུང་བ་ཁྱབ་བསྒྲགས་བྱས་ཡོད། ཀྲུང་གོ་ཕྱོགས་གང་དུ་འགྲོ་དགོས་སམ། མུ་མཐའ་མེད་པའི་ས་གཞི་འདི། སུ་ཞིག་གིས་ཁ་ལོ་སྒྱུར་སྲིད་དམ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་མ་ཐག་ཀྲུང་གོའི་གསར་བརྗེའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། ཏང་གིས་ཀྲུང་གོའི་གསར་བརྗེར་འགོ་ཁྲིད་གནང་ནས་རྒྱལ་ཁ་བླངས་ཏེ་ང་ཚོ་ཡར་ལངས་སུ་བཅུག་པ་དང་། ཏང་གིས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེར་འགོ་ཁྲིད་གནང་ནས་ང་ཚོ་ཕྱུག་པོར་གྱུར་པ། ཏང་གིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་འགོ་ཁྲིད་གནང་ནས་དུས་རབས་གསར་པར་སླེབས་པ་དང་ང་ཚོ་སྟོབས་ཆེར་ཕྱིན་ཡོད།
ཏང་ནི་ཕྱོགས་བཞི་མཚམས་བརྒྱད་དང་ཏང་སྲིད་དམག་དམངས་སློབ་གྲྭ་བཅས་ཐམས་ཅད་ལ་འགོ་ཁྲིད་གནང་མཁན་ཡིན། དེ་ནི་ལོ་རྒྱུས་ཀྱི་ཁྱབ་བསྒྲགས་དང་། ཉམས་མྱོང་ལ་ཕྱོགས་སྡོམ། བསླབ་བྱ་བསྡུ་ལེན་བཅས་བྱས་པ་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་སྲང་ཞིང་བརྟན་པའི་འགན་འཁྲི་དང་གཟི་བརྗིད་ལྡན་པའི་ལས་འགན་ཞིག་དེ་བས་ཀྱང་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་དགེ་མཚན་ཆེ་ཤོས་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ཡིན།
ཏང་གི་འགོ་ཁྲིད་ནི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ཡིན་པས། རིམ་པ་ཁག་དང་རིགས་ཁག་གི་རྩ་འཛུགས་ཁྲོད་དུ་འགོ་ཁྲིད་སྲོག་ཤིང་གི་ནུས་པ་ཐོན་གྱི་ཡོད། དེ་ནི་སྐར་ལྔའི་དར་དམར་སྟེང་གི་སྐར་ཆུང་བཞིས་སྐར་ཆེན་སྐོར་བ་དང་འདྲ་བར་ཀྲུང་ཧྭའི་བུ་ཕྲུག་གི་བློ་ཁ་ཏང་གི་སྲོག་ཤིང་ལ་ཕྱོགས་པ་མཚོན་གྱི་ཡོད། ཏང་གི་འགོ་ཁྲིད་ནི་ཆ་ལག་ཚང་བའི་འགོ་ཁྲིད་ཡིན་ཞིང་། སྤྱི་ཡོངས་ལ་སྟངས་འཛིན་དང་ཕྱོགས་ཁག་ལ་མཐུན་སྦྱོར་བྱེད་ཀྱི་ཡོད། དེ་ནི་སྐར་ཚོགས་ཀྱིས་ཟླ་བ་བསྐོར་བ་བཞིན་ཡིན། དེའི་ནང་གི“ཟླ་བ”དེ་ནི་ཀྲུང་གོ་གུང་ཁྲན་ཏང་རེད། ཏང་གི་འགོ་ཁྲིད་ནི་སྤྱི་ཡོངས་ཀྱི་འགོ་ཁྲིད་ཡིན་ཞིང་། བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་ནས་མངོན་པ་དང་། ཀུན་དང་མཐུན་པའི་སྲོལ་བཟང་དེ། ཀྲུང་གོ་ཡོངས་ཀྱིས་མཉམ་དུ་བཀུར་ཞེས་པ་ནས་ཀྱང་མངོན་གྱི་ཡོད།
ཀྲུང་གོའི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ཏང་ལ་ཐུག་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་རྩ་བའི་འགན་ལེན་ཡིན། ཏང་གིས་ལས་དོན་མཐའ་དག་ལ་འགོ་ཁྲིད་བྱ་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཏང་གི་འགོ་ཁྲིད་ལམ་ལུགས་ཀྱི་མ་ལག་ངེས་པར་དུ་འཐུས་སྒོ་ཚང་དུ་རྒྱུན་ཆད་མེད་པར་གཏོང་བ་དང་། ཏང་ཀྲུང་དབྱང་གིས་ལས་དོན་གལ་ཆེན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། ངེས་པར་དུ་ཏང་གི་འགོ་ཁྲིད་ཀྱི་ཆུ་ཚད་དང་ཡུན་རིང་སྲིད་སྐྱོང་གི་ནུས་པ་ཆེ་རུ་གཏོང་བར་དམིགས་ཏེ། འགོ་ཁྲིད་སྟངས་དང་སྲིད་སྐྱོང་སྟངས་གསར་གཏོད་དང་ལེགས་སུ་བཏང་ནས་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་འགན་ལེན་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་རྟགས་ཅན་གྱི་གྲུ་གཟིངས་ཆེན་པོས་རླུང་བརྟེན་རླབས་གཤག་གིས་རྒྱང་སྐྱོད་ཐུབ་པར་འགན་ལེན་བྱེད་དགོས།