ཁྲེན་ཡུང་ཆིས་ལྷ་ས་གྲོང་ཁྱེར་དུ་དཔལ་འབྱོར་ལས་དོན་ལ་བརྟག་ཞིབ་གནང་བ།
ཟླ་10ཚེས་29ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་ལྷ་ས་གྲོང་ཁྱེར་གྱི་ཁྲེང་ཀོན་ཆུས་དང་། སྟོད་ལུང་བདེ་ཆེན་ཆུས། དཔལ་འབྱོར་གསལ་སྤེལ་ཁུལ་བཅས་སུ་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ལ་བརྟག་ཞིབ་གནང་སྟེ། ལྷ་ས་ཁང་ཏཱ་རླངས་འཁོར་ཚོང་དོན་ཚད་ཡོད་འགན་འཁྲི་ཀུང་སི་དང་། པེ་ཅིང་ཐུང་རེན་ཐང་ལྷ་ས་སྨན་རྫས་ཚོང་ཁང་ཚད་ཡོད་ཀུང་སི། བོད་ལྗོངས་ལྷ་ས་སྦི་རག་ཚད་ཡོད་ཀུང་སི། ལྷ་ས་གྲོང་ཁྱེར་ཕུ་མདོ་ཆུ་འདྲེན་རྣམ་གྲངས་ཀྱི་ཨར་སྐྲུན་ལས་ཡུལ་བཅས་སུ་ཕེབས་ནས། “གལ་ཆེན་གཉིས”དང“གསར་པ་གཉིས”ཀྱི་སྲིད་ཇུས་བྱ་ཐབས་དོན་འཁྱོལ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ། ཚོང་འགུགས་མ་འདྲེན། རྣམ་གྲངས་གལ་ཆེན་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།
ཁྲེན་ཡུང་ཆིས། “གལ་ཆེན་གཉིས”འཛུགས་སྐྲུན་བྱ་རྒྱུ་གོ་སྐབས་སུ་བྱས་ནས་རྣམ་གྲངས་འཛུགས་སྐྲུན་ལ་དམ་འཛིན་གྱིས་འགོ་འཛུགས་རྣམ་གྲངས་དང་ལྷག་པར་དུ་དགུན་དུས་ལས་མཚམས་མི་འཇོག་པའི་རྣམ་གྲངས་འཛུགས་སྐྲུན་མུ་མཐུད་གང་མགྱོགས་བྱས་ཏེ། ལས་མཚམས་འཇོག་པའི་རྣམ་གྲངས་ཀྱི་རྒྱུ་ཆ་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་པ་དང་སང་ལོའི་གཙོ་གནད་རྣམ་གྲངས་འཆར་འགོད་ཡག་པོ་བྱས་ཏེ། མིག་སྔའི་དུས་འགོའི་ལས་དོན་དང་རྣམ་གྲངས་གྲ་སྒྲིག་བྱེད་ཤུགས་མང་དུ་བཏང་ནས“དགུན་དལ”“དགུན་བྲེལ”དུ་དངོས་འབྲེལ་འགྱུར་བར་བྱེད་དགོས་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་བླང་བྱ་ཇི་མ་ཇི་བཞིན་དོན་འཁྱོལ་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་གྲལ་བཤེར་གྱིས་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་དང་གནད་ཆེ་སྣ་ཚོགས་ཐོན་རྒྱུ་མཐའ་གཅིག་ཏུ་འགོག་ཟོན་དང་བཀག་འགོག་བྱེད་དགོས། “གསར་པ་གཉིས”ཀྱི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ“བདེ་སྐྱིད་ལྡན་པའི་བོད་ལྗོངས། སྤྲོ་སྣང་ཆེན་པོས་འཚོ་བར་རོལ་བའི”འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་རིམ་སྤེལ་བྱེད་སྒོ་མུ་མཐུད་སྤེལ་ནས་སྲིད་ཇུས་དྲིལ་བསྒྲགས་ཁྱབ་གདལ་ཤུགས་ཆེན་གཏོང་བ་དང་། ལྷག་པར་དུ་བྱ་ཐབས་སྣ་མང་སྤྱད་དེ་ཁྱིམ་ཆས་གསར་རྙིང་བརྗེ་བའི་སྲིད་ཇུས་ལག་ལེན་བསྟར་རིང་ཚུར་བསྡུ་དཀའ་བ་དང་ཡང་བསྐྱར་སྤྱོད་ཚད་དམའ་བ་སོགས་ཀྱི་དཀའ་གནད་དང་འགག་གནད་བཤངས་ནས་སྲིད་ཇུས་ཀྱི་ཕན་ནུས་གང་མགྱོགས་མངོན་པར་བྱས་ཏེ་འཛད་སྤྱོད་ལ་སྐུལ་སྤེལ་གྱིས་སླར་གསོ་ཤུགས་ཆེན་ཡོང་བར་བྱེད་དགོས། དཔལ་འབྱོར་འཁོར་སྐྱོད་ལ་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས་འབྲེལ་ཡོད་སྡེ་ཚན་དང་། ས་ཁུལ། གྲོང་ཁྱེར་བཅས་ཀྱིས་ལྟ་སྐུལ་ཤུགས་ཆེན་བྱས་ཏེ་དཔལ་འབྱོར་གྱི་ཁྲོམ་ར་ཆེན་པོས་ལྕི་འགན་འཁུར་བ་དང་། མིག་དཔེ་སྟོན་པ། མདུན་གྲལ་དུ་སྐྱོད་པ་བཅས་བྱས་ནས་གཏན་ལ་ཕབ་པའི་དམིགས་ཚད་དང་བྱ་ཐབས་དང་བསྡུར་ཏེ་ལས་འགན་ཞིབ་ཕྲ་ཁག་བགོས་ཀྱིས་དུས་ཚོད་རེའུ་མིག་དང་ལམ་ཐིག་དཔེ་རིས་ཁ་གསལ་བཟོས་ཏེ། འགན་འཁྲི་མི་ཐོག་ལ་འཁྱོལ་བར་བྱས་ནས་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ་དང་། དུས་ཚད་ནུས་གསུམ་ལ་དམ་འཛིན་ཏན་ཏིག་བྱས་ཏེ་དཔལ་འབྱོར་རྒྱུན་མཐུད་སླར་གསོ་དང་ལེགས་སུ་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་གོམ་སྟབས་གསར་པ་དང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས་པའི་ནན་བཤད་གནང་ཡོད།