ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དངུལ་རྩ་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་དངུལ་རྩའི་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བརྟན་པོ་བྱེད་དགོས།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དངུལ་རྩ་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། ལྗོངས་ཡོངས་ཀྱི་དངུལ་རྩའི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ་དང་གོམ་སྟབས་རྗེས་མའི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། དངུལ་རྩའི་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། དངུལ་རྩའི་ཞབས་ཞུའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བརྟན་པོ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དངུལ་རྩའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངུལ་རྩའི་བྱ་གཞག་འཕེལ་རྒྱས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ཐད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས། ང་ཚོས་དུས་རབས་གསར་པའི་དངུལ་རྩའི་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དངུལ་རྩའི་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། དངུལ་རྩའི་ལས་དོན་གྱི་ཆོས་ཉིད་རང་བཞིན་ལ་ངོས་འཛིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ། དངུལ་རྩའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་སྒུལ་ཤུགས་ཆེན་པོ་སྣོན་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བོད་ཀྱི་དོན་དངོས་ལ་གཞི་ཚུགས་ཏེ་དམིགས་ཚད་ཀྱི་སྟོན་ཕྱོགས་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་། གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ནས་དངུལ་རྩས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། དངུལ་རྩའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། དངུལ་རྩའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་གཏོང་བ། བོད་སྡོད་དངུལ་རྩའི་སྒྲིག་གཞིས་ནུས་པ་དེ་བས་ལེགས་པར་འདོན་རྒྱུར་རྒྱབ་སྐྱོར་བྱེད་པ། དངུལ་རྩའི་ཞབས་ཞུའི་བྱེད་པོ་སྣ་ཚོགས་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་བ། དངུལ་རྩའི་བཀོད་པ་ལེགས་སུ་གཏོང་བ་བཅས་བྱས་ནས་དངུལ་རྩའི་ཐོན་ཁུངས་དང་ཞབས་ཞུའི་གཅིག་སྡུད་ནུས་པ་དང་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས། ཁྲིམས་དང་སྒྲིག་སྲོལ་ལྟར་བརྟན་ལ་གནད་སྨིན་གྱི་སྒོ་ནས་ཉེན་ཁ་འགོག་ཟོན་དང་སེལ་ཐབས་བྱེད་པ་དང་། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས། དངུལ་རྩའི་ཉེན་ཁར་ལྟ་ཞིབ་ཚད་ལེན་དང་། ཉེན་ཟོན་ཉེན་བརྡ། དཔྱད་དཔོག ཐག་གཅོད་བཅས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། མ་ལག་རང་བཞིན་དང་ས་ཁོངས་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པའི་མཐའ་ཚད་བརྟན་པོར་སྲུང་བ་བཅས་བྱས་ཏེ་དངུལ་རྩའི་བདེ་འཇགས་སྲུང་སྐྱོང་དང་འགན་ལེན་ཏན་ཏིག་བྱེད་དགོས།
ཝང་ཅུན་ཀྲེང་གིས་ཏང་གིས་དངུལ་རྩའི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། ཏང་གིས་དངུལ་རྩའི་ལས་དོན་ལ་འགོ་ཁྲིད་བྱེད་པའི་འགན་ནུས་ནན་ཏན་ངང་སྒྲུབ་པ་དང་། དངུལ་རྩའི་ཁོངས་གཏོགས་སུ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལས་དོན་གཏིང་ཟབ་སྤེལ་བ། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་། ལས་རྗེས་ལ་གཞིགས་ནས་གདེང་འཇོག་རྒྱུན་འཁྱོངས་བཅས་བྱས་ཏེ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་ཅིག་ཧུར་ཐག་ངང་འཛུགས་དགོས། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་དངུལ་རྩའི་ཁོངས་གཏོགས་ཀྱི་ལས་བྱེད་པས་ཆེད་ལས་ཀྱི་བསམ་བློར་ཤུགས་སྣོན་རྒྱག་པ་དང་ཆེད་ལས་ཀྱི་བྱང་ཚད་མཐོ་རུ་བཏང་ནས་དངུལ་རྩའི་ཤེས་བྱ་སློབ་སྦྱོང་ཧུར་ཐག་བྱེད་པ་དང་། དངུལ་རྩའི་ཆོས་ཉིད་ཁོང་དུ་ཆུད་པ། དངུལ་རྩའི་ལས་དོན་ལ་འགོ་ཁྲིད་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་དངུལ་རྩ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།