ཝང་ཅུན་ཀྲེང་གིས་ཧུའུ་པེ་ཞིང་ཨུད་ཀྱི་རྒྱུན་ཨུ་དང་ཤང་དབྱང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཝང་ཆི་དབྱང་དང་མཇལ་འཛོམས་གནང་བ།
ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཧུའུ་པེ་ཞིང་ཨུད་ཀྱི་རྒྱུན་ཨུ་དང་ཤང་དབྱང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཝང་ཆི་དབྱང་དང་མཇལ་འཛོམས་གནང་ཞིང་། འདི་ནི་མཇལ་འཛོམས་གནང་ཡུལ་ཡིན་པ།
ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཧུའུ་པེ་ཞིང་ཨུད་ཀྱི་རྒྱུན་ཨུ་དང་ཤང་དབྱང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཝང་ཆི་དབྱང་དང་མཇལ་འཛོམས་གནང་བ་རེད།
ཝང་ཅུན་ཀྲེང་གིས་ཝང་ཆི་དབྱང་དང་བཅས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་ཤིང་། དེ་རྗེས་ཤང་དབྱང་གྲོང་ཁྱེར་གྱིས་ལྷོ་ཁར་ཁ་གཏད་རོགས་སྐྱོར་བྱས་པའི་ལས་ཀའི་གནས་ཚུལ་གྱི་ངོ་སྤྲོད་གསན་པ་དང་། ཤང་དབྱང་གྲོང་ཁྱེར་གྱི་ཁ་གཏད་བོད་སྐྱོར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ། གོམ་སྟབས་རྗེས་མའི་མཉམ་ལས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ་དང་ཁ་གཏད་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབ་པ་བཅས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ཤང་དབྱང་གྲོང་ཁྱེར་གྱིས་ཁ་གཏད་བོད་སྐྱོར་བྱེད་པ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་མཐའ་འཁྱོངས་དང“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་དོན་འཁྱོལ་བྱ་རྒྱུར་དམ་པོར་དམིགས་ཏེ“བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་འཛུགས་པ་དང་། ཕྱོགས་ཡོངས་དང་། རིམ་པ་མང་བ། ཁྱབ་ཁོངས་ཡངས་བ་བཅས་ཀྱི་བོད་སྐྱོར་ལས་དོན་སྤེལ་བ། བློ་གཅིག་སེམས་གཅིག་གིས་རོགས་སྐྱོར་བྱ་ཡུལ་དུ་འཕེལ་རྒྱས་དོན་གཉེར་དང་མང་ཚོགས་ལ་བདེ་སྐྱིད་དོན་གཉེར་བྱེད་པ། དགེ་མཚན་ལྡན་ལ་ཕན་འབྲས་ཆེ་བའི་ལས་དོན་འབོར་ཆེན་སྒྲུབ་པ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། གོམ་སྟབས་རྗེས་མར། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། ས་གནས་གཉིས་པོའི་རིག་གནས་དང་ཡུལ་སྐོར་གསར་སྤེལ་ལ་ཤུགས་སྣོན་རྒྱག་པ། མི་རིགས་ཁག་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཐུན་མོང་ཐོག་བརྟན་པོ་འཛུགས་དགོས་པ་དང་། དགེ་སྤེལ་སྐྱོན་སྤངས་དང་ལེགས་ཆ་གསབ་རེས་མཐའ་འཁྱོངས་ཀྱིས་ས་ཁོངས་སྒྲོལ་བའི་ཁྲོམ་རའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་པ། གཞི་རིམ་བཅོས་སྐྱོང་གི་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཐུན་མོང་ཐོག་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་འཕེལ་རྒྱས་འགྲོ་མགྱོགས་སུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ཐུན་མོང་ཐོག་ཡག་པོ་སྒྲུབ་དགོས་པ། ཐོན་ལས་བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་སློབ་གསོ་དང་སྨན་བཅོས་ཀྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་དགོས།
ཝང་ཆི་དབྱང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་ཤང་དབྱང་གྲོང་ཁྱེར་གྱིས་ཁ་གཏད་བོད་སྐྱོར་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། བོད་སྐྱོར་བྱེད་སྟངས་གསར་གཏོད་བྱེད་པ། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། དམངས་འཚོ་ལེགས་གཏོང་ལ་སྐུལ་འདེད་གཏོང་བ། ས་ཁུལ་གཉིས་ཀྱི་སྤེལ་རེས་མཉམ་ལས་རྒྱུན་མཐུད་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ལི་ཚོགས་འདུར་ཞུགས་པ་རེད།