དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་ལྷ་སར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-26

    ཚེས་23ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་སར་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་དང་གཞུང་རྒྱུ་དང་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    ཀརྨ་ཚེ་བརྟན་དང་ཝུའེ་ཤིའུ་ཁྲང་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་པ་རེད།

    བོད་ལྗོངས་ཆེས་བྲིན་ནས་བདེ་ཐང་ཚན་རྩལ་ཚད་ཡོད་ཀུང་སི་ནི་ནས་འདེབས་འཛུགས་དང་། ཞིབ་འཇུག་གསར་སྤེལ། ལས་སྣོན། ཚོང་སྒྱུར་བཅས་གཞི་གཅིག་ཅན་གྱི་ཁེ་ལས་ཤིག་རེད། ཀུང་སིའི་ཐོན་སྐྱེད་འཁོར་ཁང་དང་ནས་ཀྱི་རྟེན་མཛོད་ཁང་དུ་ཡན་ཅིན་ཧའེ་ཡིས་ཐོན་རྫས་ཀྱི་ཐོན་ནུས་དང་ཀུང་སིའི་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་ལ་གཟིགས་ནས་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། ནས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་བར་བོད་ལ་དམིགས་བསལ་གྱི་ལེགས་ཆ་དང་ཆ་རྐྱེན་ལྡན་ཡོད་པས་བྱས་ན་བྱེད་རིགས་ཡོད་ས་དང་སྒྲུབ་ན་སྒྲུབ་རིན་ཡང་ཆེན་པོ་ཡོད། ཐོན་ཁུངས་ཀྱི་ནུས་པ་བེད་སྤྱོད་ཡག་པོ་བཏང་སྟེ། སོན་བཟང་ཐབས་བཟང་གི་ལག་རྩལ་ལ་ཞིབ་འཇུག་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ནས་ཀྱི་ཕྱོགས་བསྡུས་རིན་ཐང་ཆེ་རུ་གཏོང་བ། ཁེ་ཕན་མཉམ་སྦྲེལ་ལམ་སྲོལ་དམ་ཟབ་འཛུགས་པ་བཅས་བྱས་ནས་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱེད་དགོས་པ་དང་། ཞིབ་འཇུག་གསར་སྤེལ་བྱེད་ཤུགས་གཏིང་ཟབ་ཏུ་བཏང་སྟེ། ནས་ཀྱི་ཕུན་སུམ་ཚོགས་པའི་འཚོ་བཅུད་ཀྱི་རིན་ཐང་དང་སྨན་རྫས་བདེ་སྲུང་ནུས་པ་མངོན་པར་བྱེད་པ་དང་། ཐོན་རྫས་ཀྱི་བྲོ་བ་ཡག་ཏུ་གཏོང་བ་སོགས་ཀྱི་ཐད་ཤུགས་སྣོན་ཧུར་ཐག་རྒྱག་པ། ཐོན་རྫས་ཀྱི་བཟོ་ལྟ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་ལས་སྣོན་ཞིབ་ཚགས་བཅས་བྱས་ནས། འཚོ་བཅུད་སྔོག་འདོན་དང་ལས་སྣོན་གྱི་གནས་ཐང་འཕར་བར་བྱེད་དགོས། ཁྲོམ་ར་ཕྱོགས་སྟོན་དུ་བྱས་ཏེ། ཚད་གཞི་ནན་ཤོས་ཀྱི་ཐོག་ནས་སྤུས་ཚད་ཀྱི་འགག་སྒོ་ཡག་པོ་བསྲུང་བ་དང་། ས་མཐོ་དང་། ལྗང་མདོག སྐྱེས་ལྡན་བཅས་ཀྱི་སྤུས་རྟགས་བཏོད་ནས“བོད་ཀྱི་སྤུས་ལེགས་དངོས་ཟོག”རྒྱལ་ཡོངས་སུ་བྲིན་ཁ་རྒྱུག་པ་དང་འཛམ་གླིང་ཕྱོགས་སུ་སྐྱོད་པར་རམ་འདེགས་བྱེད་དགོས་ཞེས་གསུངས་པ་རེད།

    བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ཀུན་སྤྱོད་མཁའ་འགྲུལ་ཚད་ཡོད་ཀུང་སི་ནི་རང་སྐྱོང་ལྗོངས་ཀྱིས་དོ་དམ་བྱེད་པའི་གཞུང་ཁོངས་ཁེ་ལས་ཤིག་ཡིན་པ་དང་དེའི་ལས་སྒོ་ཀུན་སྤྱོད་མཁའ་འགྲུལ་ཁྱབ་ཁོངས་ཀྱི་ཐོན་ལས་འཁོར་འབྲེལ་ཡོངས་ལ་ཁྱབ་ཡོད། ཡན་ཅིན་ཧའེ་ཡིས་རང་ལྗོངས་ཀྱི་ཀུན་སྤྱོད་མཁའ་འགྲུལ་ཐོན་ལས་ཀྱི་འཕེལ་རྒྱས་དང་། ཕྱོགས་བསྡུས་འཕྲལ་སྡོམ་རོགས་སྐྱོབ་མ་ལག་འཛུགས་སྐྲུན། གཞུང་རྒྱུ་དང་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་བཅས་ཀྱི་ལས་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། བོད་ནི་ས་ཁོངས་ཡངས་ཤིང་མི་འབོར་ཉུང་བ་དང་། སྐམ་ཐོག་འགྲིམ་འགྲུལ་འཛུགས་སྐྲུན་བྱེད་པར་མ་གནས་མཐོ་བ་མ་ཟད་སྐྱེལ་འདྲེན་ཀྱི་དུས་ཡུན་ཡང་རིང་པོ་ཡོད་པས། ཀུན་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་དགོས་གལ་ཆེ་ལ་མདུན་ལམ་ཡང་ཆེན་པོ་ཡོད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ། གསར་དར་ཐོན་ལས་གང་མགྱོགས་སྐྱེད་སྲིང་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། བསམ་བློ་དང་བྱ་སྤྱོད་ཀུན་སྤྱོད་མཁའ་འགྲུལ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཐབ་ཇུས་བཀོད་སྒྲིག་ཐོག་གཅིག་འགྱུར་ཏན་ཏིག་ཡོང་བ་བྱེད་དགོས། སྒྱུར་བཅོས་ཟབ་ཏུ་བཏང་སྟེ། མཐུན་སྦྱོར་ལ་ཤུགས་སྣོན་དང་གཞོགས་འདེགས་དམ་ཟབ་བྱེད་པ་དང་། ཁྱོན་ཡོངས་ནས་བསམ་བློ་གཏོང་བ་དང་ལས་སྟེགས་ཡག་པོ་སྐྲུན་པ། སྒྱུར་བཅོས་ཀྱི་བསམ་ཕྱོགས་དང་གསར་གཏོད་ཀྱི་བྱ་ཐབས་སྤྱད་དེ་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་དཀའ་གནད་སེལ་བ། ལས་དོན་ཁག་དེ་བས་ལེགས་པའི་སྒོ་ནས་སྤེལ་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྒྱུར་བཅོས་ཀྱི“ཕན་འབྲས”དེ་འཕེལ་རྒྱས་ཀྱི“གྲུབ་འབྲས”སུ་སྒྱུར་བར་བྱེད་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།