དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་གྱི་ཚོགས་ཆེན་ལྷ་སར་འཚོགས་པ།

    ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-25

    ཟླ་10ཚེས་22ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་གྱི་ཚོགས་ཆེན་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ཞིང་། འདི་ནི་ཚོགས་ར་ཡིན་པ།

    ཟླ་10ཚེས་22ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་གྱི་ཚོགས་ཆེན་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བཞིན་པ།

    ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཁྲེན་ཡུང་ཆི་དང་ལིའུ་ཅང་ཞུགས་པ།

     ཚེས་22ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་གྱི་ཚོགས་ཆེན་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་རིག་གནས་དང་ཡུལ་སྐོར་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་དུས་བབ་ཁོང་དུ་ཆུད་པ་དང་དམིགས་ཚད་ལས་འགན་ཁ་གསལ་བཟོས་ཏེ་རིག་གནས་དང་ཡུལ་སྐོར་ཐོན་ལས་དེ་ཉིད་ཀ་རྟེན་ཐོན་ལས་ཤིག་ཏུ་ཧུར་ཐག་འགྱུར་བ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཁྲེན་ཡུང་ཆི་དང་། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། ཞུས་ཀྲི་ཐའོ་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་དང་ཡུལ་སྐོར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་རིག་གནས་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་སྟེ་ང་ཚོས་དུས་རབས་གསར་པར་རིག་གནས་དང་ཡུལ་སྐོར་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རིག་གནས་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དེ་ཉིད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཞི་རྟེན་གལ་ཆེན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པའི་འདེགས་སྐྱོར་གལ་ཆེན་བཅས་སུ་བརྩིས་ཏེ་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཏོན་པ་དང་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་བྱས་ནས་ལྗོངས་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བོད་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་དེ་ལེགས་ཆ་རིམ་སྤོར་བྱེད་པའི་དུས་མཚམས་སུ་སླེབས་ཡོད་པས། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བསྟུན་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། ཁྱད་ལྡན་ལེགས་ཆ་འདོན་པ་བཅས་བྱས་ཏེ་བོད་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་རྒྱ་སྟོབས་ཆེ་རུ་ཧུར་ཐག་གཏོང་དགོས། བོད་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། རིག་གནས་འོད་སྟོང་འབར་བ། རང་བྱུང་མཛེས་ལྗོངས་གཞན་དང་མི་འདྲ་བ། ལོ་རྒྱུས་རིག་གནས་ཀྱི་རྨང་གཞི་ཟབ་པ། ས་བབ་ཀྱི་ལེགས་ཆ་དམིགས་བསལ་ཆེ་བ་བཅས་རིག་གནས་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་བར་གཞན་དང་མི་འདྲ་བའི་ལེགས་ཆ་ལྡན་ཡོད། དེ་དང་ཆབས་ཅིག་བོད་ཀྱི་རིག་གནས་དང་ཡུལ་སྐོར་གྱི་དོ་དམ་སྒྲིག་སྲོལ་ལམ་སྲོལ་དེ་ཐོན་ལས་འཕེལ་རྒྱས་ཀྱི་དགོས་མཁོ་དང་། འཛམ་གླིང་རིམ་པའི་ཡུལ་སྐོར་ཐོན་ཁུངས་དང་ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད། རིག་གནས་ཡུལ་སྐོར་གྱི་ཐོན་རྫས་གསར་སྤེལ་དང་ཁྲོམ་རའི་དགོས་མཁོ། རིག་གནས་ཡུལ་སྐོར་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་དང་ཐོན་ལས་འཕེལ་རྒྱས་ཀྱི་བླང་བྱ་བཅས་དང་ད་དུང་འཚམ་པོ་མེད་པ་གསལ་པོ་མཐོང་ཐུབ་པ་བྱེད་དགོས། རིག་གནས་དང་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་གནས་ཚུལ་གསར་པར་རང་འགུལ་ངང་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད་ཧུར་ཐག དུས་བབ་གསར་པའི་འོག་ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བཅས་བྱས་ནས་བོད་འདི་ཉིད་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་ཞིག་ཏུ་ཏན་ཏིག་གཏོད་དགོས། སྲིད་གཞུང་གིས་ཁྲིད་སྟོན་དང་ཁྲོམ་རས་གཙོ་ཁྲིད་བྱེད་པའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་ཁྲོམ་རའི་གཙོ་རྒྱུ་སྔར་བས་ལེགས་པའི་སྒོ་ནས་བགོ་སྒྲིག་བྱས་ཏེ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། མཁོ་སྤྲོད་དང་དགོས་མཁོའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་རིག་གནས་དང་ཡུལ་སྐོར་གྱི་ཐོན་རྫས་སྤུས་ལེགས་མཁོ་སྤྲོད་དེ་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་དགོས་མཁོའི་གྲུབ་ཆ་རིམ་སྤོར་དང་ཟུང་འབྲེལ་བྱེད་དགོས། རིག་གནས་སྲུང་སྐྱོང་དང་ཡུལ་སྐོར་གསར་སྤེལ་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་སྲུང་སྐྱོང་ཁྲོད་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་ཁྲོད་སྲུང་སྐྱོང་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་མཉམ་འགུལ་བཟང་པོ་ཡོང་བ་བྱེད་དགོས། རྒྱལ་ནང་དང་རྒྱལ་སྤྱིའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་བོད་ཀྱི་ཡུལ་སྐོར་གྱི་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིག་གནས་དང་ཡུལ་སྐོར་ཐོན་ལས་ནི་ཐོན་ལས་གསུམ་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པས་ལས་ཀའི་གཙོ་གནད་མངོན་གསལ་དོད་དུ་བཏང་སྟེ། ཁྱད་ལྡན་ལེགས་ཆར་གཞི་ཚུགས་པ་དང་། བསམ་བློར་བཅིངས་འགྲོལ་གཏོང་བ། ལྟ་བ་གསར་བརྗེས་བཅས་བྱས་ནས་རང་ལྗོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་ལ་འཕེལ་རྒྱས་གསར་པ་དང་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་དགོས། འདུ་ཤེས་གསར་བརྗེ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་བསམ་གཞི་གསལ་པོ་བཟོས་ཏེ། ལྟ་སྐོར་ཡུལ་སྐོར་དེ་རིག་གནས་ཡུལ་སྐོར་དུ་འགྱུར་བ་དང་། མཛེས་ལྗོངས་ཡུལ་སྐོར་དེ་སྤྲོ་གསེང་ཉམས་ལེན་ཟབ་མོའི་ཡུལ་སྐོར་ལ་འགྱུར་བ། སྒོ་འཛིན་དཔལ་འབྱོར་དེ་ཐོན་ལས་དཔལ་འབྱོར་དུ་འགྱུར་བ་བཅས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་གྱི་ལས་རྣམ་གསར་པ་སྐྱེད་སྲིང་བྱས་ཏེ། རིག་གནས་དང་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་དགོས། སྔོན་ལ་འཆར་འགོད་བཟོ་བ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ལ་སྐུལ་འདེད་བཏང་ནས་ཚད་གཞི་མཐོ་བ་དང་འགོ་འཛུགས་ས་མཐོན་པོས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཆར་འགོད་ཡག་པོ་བཟོ་བ་དང་ཐོན་ཁུངས་ནི་རྩ་བ་ཡིན་པ་མཐའ་འཁྱོངས་ཀྱིས་རིག་གནས་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་གྱི་རྨང་གཞི་བརྟན་དུ་གཏོང་དགོས། ཁྱད་ཆོས་ནི་གཞི་མ་ཡིན་པ་མཐའ་འཁྱོངས་ཀྱིས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རིག་གནས་དང་ཡུལ་སྐོར་ཐོན་རྫས་གཏོད་དགོས། རིག་གནས་ནི་བླ་སྲོག་ཡིན་པ་མཐའ་འཁྱོངས་ཀྱིས་རིག་གནས་དེ་ཡུལ་སྐོར་ཐོན་ལས་ཀྱི་འཁོར་འབྲེལ་ཧྲིལ་པོར་ཁྱབ་པ་བྱེད་དགོས། ཁྲོམ་ར་ནི་ཕྱོགས་སྟོན་ཡིན་པ་མཐའ་འཁྱོངས་ཀྱིས་སྤུས་རྟགས་གཏོད་པ་དང་། མང་ཚོགས་ལ་ཕན་པ། ཡུལ་སྐོར་བའི་ཡིད་དབང་འགུག་པ་བཅས་བྱས་ཏེ་དཔལ་འབྱོར་གྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། སྐྱེ་ཁམས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ནུས་ལྡན་ཡོང་བ་བྱེད་དགོས། མཉམ་འདྲེས་འཕེལ་རྒྱས་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་རིག་གནས་དང་ཡུལ་སྐོར་གྱི་ལས་རྣམ་གསར་པ་བཏོད་དེ་རིག་གནས་ལ་བརྟེན་ནས་ཡུལ་སྐོར་གཏོད་པ་དང་། ཡུལ་སྐོར་ལ་བརྟེན་ནས་རིག་གནས་མངོན་པ། མཉམ་འདྲེས་འཕེལ་རྒྱས་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་འཁོར་འབྲེལ་དང་རིན་ཐང་གི་འཁོར་འབྲེལ་སྣུར་སྲིང་རྒྱུན་ཆད་མེད་པར་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ས་ཁོངས་མཉམ་འགུལ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་རིག་གནས་དང་ཡུལ་སྐོར་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་ཁྱད་ཆོས་དང་། སྤུས་རྟགས། སྣེ་འདྲེན་བཅས་སྐྱེད་སྲིང་ལ་དམིགས་ཏེ་གཙོ་གནད་འབུར་ཐོན་དང་གནད་གཅིག་གིས་ཁྱོན་ཡོངས་ཁྲིད་པ་དང་། གཙོ་གནད་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་པ། ཡུལ་སྐོར་ལམ་ཐིག་རྩེ་གྲ་ཇུས་འགོད། མཐའ་འཁོར་གྱི་ཡུལ་སྐོར་ལ་ཁྱབ་འགྱེད་སྐུལ་ཁྲིད་བཅས་བྱས་ནས་ཐོན་ལས་བར་མཐོངས་ཀྱི་རྣམ་པ་གསར་པ་ཞིག་མགྱོགས་མྱུར་ཆགས་པར་བྱེད་དགོས། མི་རྩ་བར་འཛིན་པ་མངོན་གསལ་དོད་དུ་གཏོང་བ་དང་རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་བཏང་སྟེ“ཟ་སྡོད་འགྲོ་སྐོར་ཉོ་རྩེད”བཅས་གཙོ་རྒྱུ་དྲུག་ལ་དམ་པོར་དམིགས་ཏེ་ཡུལ་སྐོར་ཐོན་རྫས་དང་མཁོ་སྤྲོད་བྱེད་སྟངས་རིམ་འཇུག་རིམ་སྤོར་དང་། ལྷན་སྦྱར་སྒྲིག་བཀོད་འཐུས་ཚང་། འགྲིམ་འགྲུལ་ཆ་རྐྱེན་ལེགས་གཏོང་། ཞབས་ཞུའི་ཆུ་ཚད་མཐོར་གཏོང་བཅས་བྱས་ནས་ཡུལ་སྐོར་བ་གནས་ཐུབ་པ་དང་། སྡོད་ཐུབ་པ། འཁྱེར་ཐུབ་པ་བཅས་བྱེད་དགོས། ཁྱད་ལྡན་ཐོན་རྫས་རྩེ་གྲ་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་རིག་གནས་ཡུལ་སྐོར་གྱི་སྐད་གྲགས་སྔར་བས་ཆེ་རུ་བཏང་སྟེ་སྤུས་རྟགས་སྐྱེད་སྲིང་ཧུར་ཐག་བྱེད་པ་དང་། སྤུས་རྟགས་ཁྱབ་གདལ་ཤུགས་ཆེན་གཏོང་བ། ནུས་ཤུགས་ཡོད་རྒུས་སྤུས་རྟགས་གཉེར་སྐྱོང་། ཁྲིམས་ལྟར་སྤུས་རྟགས་སྲུང་སྐྱོང་བཅས་བྱས་ཏེ“གཞན་ལ་མེད་པ་ང་ལ་ཡོད་པ་དང་། གཞན་ལ་ཡོད་པ་ང་ལ་དེ་བས་ལེགས་པ་ཡོད་པ”བྱས་ནས་བོད་ཀྱི་རིག་གནས་དང་ཡུལ་སྐོར་སྤུས་རྟགས་ཕྱི་ནང་གཉིས་ཀར་སྐད་གྲགས་ཆོད་པར་བྱེད་དགོས། སྒོ་དབྱེ་མཉམ་སྤྱོད་མངོན་གསལ་དོད་དུ་གཏོང་བ་དང་རིག་གནས་དང་ཡུལ་སྐོར་མཉམ་ལས་གཉིས་ཕན་ཡོང་བར་བྱས་ཏེ། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་དང་། ཡུལ་སྐོར་མཉམ་ལས་འཕེལ་རྒྱས་ཤུགས་ཆེར་གཏོང་བ། ཕྱི་ཕྱོགས་སུ་ཡུལ་སྐོར་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཡུལ་སྐོར་བ་དེ་བས་མང་བ་བོད་དུ་ཡོང་ནས་བོད་ཀྱི་མཛེས་ལྗོངས་དངོས་སུ་མྱོང་བ་དང་། བོད་ཀྱི་རིག་གནས་དངོས་སུ་ཉམས་ལེན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་མིག་མཐོང་ལག་ཟིན་ཡོང་བ་བཅས་བྱེད་དགོས། དམངས་འཚོ་ལེགས་སུ་གཏོང་རྒྱུ་མངོན་གསལ་དོད་དུ་གཏོང་བ་དང་རིག་གནས་དང་ཡུལ་སྐོར་གྱི་དམངས་ཕན་དམངས་ཕྱུག་ལ་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་ཁྲིད་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཚོར“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི”ཡིན་པའི་མྱོང་ཚོར་ཟབ་མོ་ཐུབ་པ་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་ཀྱིས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་རིག་གནས་དང་ཡུལ་སྐོར་ཐོན་ལས་གོང་འཕེལ་གཏོང་བ་དེ་གནས་བབ་གལ་ཆེན་དང་ཉིན་རེའི་གྲོས་རིམ་གལ་ཆེན་དུ་བཞག་ནས་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ལས་ཀའི་མཉམ་ཤུགས་ཤིག་ཆགས་པར་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཡུལ་སྐོར་ལ་སྣང་ཆེན་དང་། ཡུལ་སྐོར་ལ་ཤེས་རྟོགས། ཡུལ་སྐོར་ལ་དམ་འཛིན་བཅས་བྱས་ཏེ་རིག་གནས་དང་ཡུལ་སྐོར་ཐོན་ལས་དེ་ཡུལ་དེའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་། ཡུལ་དེའི་རིག་གནས་དར་རྒྱས་གཏོང་བ། ཡུལ་དེའི་སྐྱེ་ཁམས་གསོ་འཁྱོངས་བྱེད་པ། ཡུལ་དེའི་མི་སེར་ལ་བདེ་སྐྱིད་སྐྲུན་པ་བཅས་ཀྱི་བྱ་གཞག་ཅིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ་བྱང་མ་ཞིག་ཏུ་འགྱུར་བར་བྱེད་དགོས། སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་དོན་དོན་འཁྱོལ་ལ་དམ་འཛིན་ལྷོད་མེད་བྱེད་པ། བྱང་ཚད་མཐོ་ལ་ཆེད་ལས་ཅན་གྱི་ལས་བྱེད་ཤེས་ལྡན་པའི་དཔུང་ཁག་གཏོད་པ་བཅས་བྱས་ཏེ་རིག་གནས་དང་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།