ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།
ཚེས་22ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་སྟེ། དུས་ཚིགས་དང་པོ་ནས་གསུམ་པའི་བར་གྱི་ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་ལ་ཞིབ་འཇུག་དང་ལྗོངས་ཡོངས་ཀྱི་བཟའ་བཅའི་བདེ་འཇགས་སྐོར་གྱི་ལས་དོན་སྙན་སེང་གསན་པ་དང་། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་མི་རེར་ཟླ་རེར་སྒོར་265བར་སྤོར་རྒྱུར་རྩ་དོན་ཐོག་མོས་མཐུན་གནང་བ་རེད།
ཚོགས་འདུའི་ཐོག་དུས་ཚིགས་དང་པོ་ནས་གསུམ་པའི་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་དཀའ་སེལ་བྱས་པས་དཔལ་འབྱོར་འཁོར་རྒྱུག་བརྟན་ཐོག་ཡར་འཕེལ་དང་བསྟུད་མར་འཕར་ནས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་6.2%འཕར་བ་དང་། ལྟེ་བའི་དམིགས་ཚད་ཁག་7གྱི་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་ཁག་2རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད། རྣམ་གྲངས་ཀྱི་མ་འཇོག“བརྟན་པ”དང་། འཛད་སྤྱོད་བྱེད་ཚད“མགྱོགས་པ” ནོར་སྲིད་ཀྱི་གཏོང་ལེན“ལེགས་པ” དམངས་འཚོ་འགན་ལེན“ཡག་པ” སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང“ལེགས་པ” ཉེན་ཁ་སྔོན་འགོག་དང་ཚོད་འཛིན“ནན་པ”སོགས་ཀྱི་ཁྱད་ཆོས་མངོན་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་རྒྱུན་སྲིང་ལྷོད་མེད་དང་ཡང་འབད་བསྐྱར་འབད་ཀྱིས་ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་དགོས་ཞེས་བརྗོད་པ་རེད།
ཚོགས་འདུའི་ཐོག་བཟའ་བཅའི་བདེ་འཇགས་ནི་དམངས་འཚོའི་རྩ་བ་དང་སྲིད་སྐྱོང་གི་འགན་འཁྲི་ཡིན་ལ་མི་ཚང་མའི་ཚེ་སྲོག་དང་བདེ་ཐང་དང་འབྲེལ་བ་ཡོད་པ་དང་། ས་མཐོའི་ལྗང་མདོག་སྐྱེ་ཁམས་ཀྱི་ཞིང་ལས་ཐོན་རྫས་ཀྱི་གཟུགས་བརྙན་དང་འབྲེལ་བ་ཡོད་པ། མི་དམངས་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ཞིག་ཡིན་པས་དོ་དམ་ནན་པོ་ཇི་ལྟར་བྱས་ཀྱང་ཐལ་དྲགས་མེད། བཟའ་བཅའི་བདེ་འཇགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། “ནན་ཤོས་བཞིའི”བླང་བྱ་ཐོག་མཐའ་བར་གསུམ་དུ་རྩ་བའི་གཞི་འཛིན་སར་བརྩི་བ། བྱེད་པོ་ཡོངས་དང་། སྣ་ཁ་ཡོངས། འཁོར་འབྲེལ་ཡོངས་བཅས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། འབྱུང་རྩ་ནས་སྔོན་འགོག་ནན་པོ་དང་། བརྒྱུད་རིམ་དུ་དོ་དམ་ནན་པོ། ཉེན་ཁ་ཚོད་འཛིན་ནན་པོ་བཅས་ཏན་ཏིག་ཐུབ་པར་བྱས་ཏེ་བཟའ་བཅའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་ཚང་མ་མཐའ་གཅིག་ཏུ་བརྟན་པོར་སྲུང་དགོས་ཞེས་བརྗོད་པ་རེད།
ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། 2024ལོའི་ཟླ་7ཚེས་1ཉིན་ནས་བཟུང་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་རྒྱལ་ཡོངས་ཀྱི་རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་དམའ་ཤོས་དེ་མི་རེར་ཟླ་རེར་སྒོར་20སྤར་བ་དང་། འབྲེལ་ཡོད་སྡེ་ཚན་ཁག་གིས་ལག་བསྟར་ལ་དམ་འཛིན་བྱས་ཏེ་དུས་ཐོག་དང་གྲངས་ཚང་ངང་སྤྲོད་ཐུབ་པར་བྱེད་དགོས་ཞེས་ཁ་གསལ་བཏོན་ཡོད།