ལྗོངས་ཡོངས་ཀྱི་བཟོ་ལས་དཔེ་གསར་ཅན་ལ་སྐུལ་འདེད་གཏོང་བའི་ཚོགས་ཆེན་ལྷ་སར་འཚོགས་པ།
ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་། ཡན་ཅིན་ཧའེ་ཡིས་གཙོ་སྐྱོང་གནང་བ། ཁྲེན་ཡུང་ཆི་དང་ལིའུ་ཅང་ཞུགས་པ།
ཟླ་10ཚེས་21ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་བཟོ་ལས་དཔེ་གསར་ཅན་ལ་སྐུལ་འདེད་གཏོང་བའི་ཚོགས་ཆེན་ལྷ་སར་འཚོགས་ཤིང་། འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བཞིན་པ།
ཟླ་10ཚེས་21ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་བཟོ་ལས་དཔེ་གསར་ཅན་ལ་སྐུལ་འདེད་གཏོང་བའི་ཚོགས་ཆེན་ལྷ་སར་འཚོགས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ཞིང་། འདི་ནི་ཚོགས་ར་ཡིན་པ།
བཟོ་ལས་དཔེ་གསར་ཅན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། རང་ལྗོངས་ཀྱི་བཟོ་ལས་དཔེ་གསར་ཅན་གྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།
ཚེས་21ཉིན་གྱི་སྔ་དྲོར། ལྗོངས་ཡོངས་ཀྱི་བཟོ་ལས་དཔེ་གསར་ཅན་ལ་སྐུལ་འདེད་གཏོང་བའི་ཚོགས་ཆེན་ལྷ་སར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ཞིང་། ཁོང་གིས་བཟོ་ལས་དཔེ་གསར་ཅན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཀྱི་བཟོ་ལས་དཔེ་གསར་ཅན་ལ་སྐུལ་འདེད་གཏོང་བའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་དུས་བབ་ཁོང་དུ་ཡང་དག་ཆུད་པ་དང་། ལས་ཀའི་བསམ་ཕྱོགས་གསལ་བཟོ། དམིགས་ཚད་ལས་འགན་གསལ་བཟོ། ལས་ཀའི་གཙོ་གནད་འབུར་ཐོན་བཅས་བྱས་ཏེ། བཟོ་ལས་དཔེ་གསར་ཅན་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ། རང་ལྗོངས་ཀྱི་བཟོ་ལས་དཔེ་གསར་ཅན་འཕེལ་རྒྱས་གཏོང་བའི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཁྲེན་ཡུང་ཆི་དང་། ལིའུ་ཅང་། དབང་ཧའེ་ཀྲོའུ། ལའེ་ཅའོ། རེན་ཝེ། ཀརྨ་ཚེ་བརྟན། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ཀུང་ཧུའེ་ཚའེ། ཅང་ཝུན་ཕུང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཟོ་ལས་དཔེ་གསར་ཅན་གྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་གལ་ཆེན་གནང་བ་མ་ཟད། བསམ་བློ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པ་བཏོན་གནང་བས། དུས་བབ་གསར་པའི་འོག་གི་བཟོ་ལས་ཅན་གྱི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་སྔར་བས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཕྱིན་ཏེ་བཟོ་ལས་དཔེ་གསར་ཅན་ལ་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་བོད་ཀྱི་དོན་དངོས་དང་འཚམ་པའི་བཟོ་ལས་དཔེ་གསར་ཅན་གྱི་ལམ་བུར་བསྐྱོད་པར་བརྟེན་བཟོ་ལས་ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་དང་། གྲུབ་ཆ་རྒྱུན་མཐུད་ལེགས་སྒྱུར། ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་བཅས་ཕྱིན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་ཆེད་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བཟོ་ལས་དཔེ་གསར་ཅན་ལ་སྐུལ་འདེད་གཏོང་བ་ནི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་དང་འཛམ་གླིང་ལ་ལོ་བརྒྱའི་རིང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་སྤྱི་འདོམས་གནང་ནས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ལས་བྱེད་པ་ཚོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་བཟོ་ལས་དཔེ་གསར་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་ནི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་ཏུ་སྒྲིལ་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་བཅས་ཡིན་པ་ཤེས་རྟོགས་གང་ལེགས་བྱེད་དགོས་པ་མ་ཟད། བཟོ་ལས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་དང་། སྒོ་དབྱེར་དམ་འཛིན། བརྟན་ལྷིང་ལ་དམ་འཛིན་བཅས་བྱེད་པ་ཞིག་ཡིན་པའི་བསམ་བློའི་འདུ་ཤེས་བརྟན་པོར་འཛུགས་པ་དང་། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས། བོད་ཀྱི་བཟོ་ལས་དཔེ་གསར་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་བཟོ་ལས་ཀྱི་མ་ལག་ཧུར་ཐག་སྐྲུན་པ་བཅས་བྱས་ཏེ“དོན་ཆེན་བཞི”དང་“འཛུགས་གཏོད་བཞི”གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་དངོས་པོའི་རྨང་གཞི་དང་འགན་ལེན་མཁོ་འདོན་བྱེད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དུས་བབ་ཁོང་དུ་ཡང་དག་ཆུད་པ་དང་ལས་ཀའི་བསམ་ཕྱོགས་གསལ་བཟོ་བྱས་ནས་བོད་ཀྱི་བཟོ་ལས་དཔེ་གསར་ཅན་ལ་སྐུལ་འདེད་གཏོང་བའི་གདེང་ཚོད་དང་ཆོད་སེམས་བརྟན་དུ་གཏོང་དགོས། བཟོ་ལས་དཔེ་གསར་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བོད་ལ་སྲིད་ཇུས་ཀྱི་ལེགས་ཆ་དང་། ཐོན་ཁུངས་ཀྱི་ལེགས་ཆ། ས་བབ་ཀྱི་ལེགས་ཆ། རྗེས་འཕེལ་གྱི་ལེགས་ཆ་སོགས་ལྡན་པས་རྒྱལ་ཁབ་ཀྱིས་བཟོ་ལས་དཔེ་གསར་ཅན་ལ་སྐུལ་འདེད་གཏོང་བའི་རྒྱབ་སྐྱོར་སྲིད་ཇུས་ལ་གོ་བ་ལེན་པ་དང་དོན་འཁྱོལ་ཡག་པོ་བྱེད་པ་དང་། བོད་ཀྱི་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་ཡག་པོ་བྱས་ཏེ་སྲིད་ཇུས་ཀྱི་ལེགས་ཆ་དང་། ས་བབ་ཀྱི་ལེགས་ཆ། ཐོན་ཁུངས་ཀྱི་ལེགས་ཆ་བཅས་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱེད་དགོས། དེ་དང་ཆབས་ཅིག བོད་འདི་ཉིད་བཟོ་ལས་ཅན་གྱི་ཐོག་མའི་དུས་ནས་དུས་འབྲིང་དུ་སྐྱོད་པའི་དུས་མཚམས་སུ་གནས་ཡོད་པས་གཞི་ཁྱོན་དང་སྤྱི་འབོར་ཉུང་བ་དང་། ཐོན་ལས་འཕེལ་རྒྱས་ཀྱི་ཆུ་ཚད་དམའ་བ། སྣེ་འདྲེན་ཁེ་ལས་ཉུང་བ། ཐོན་ལས་ཀྱི་འཁོར་འབྲེལ་ཐུང་བ་སོགས་ཀྱི་ཞན་ཆ་གསལ་རྟོགས་ཐུབ་པར་བྱས་ཏེ་ས་གནས་ཁག་དང་སྡེ་ཚན་ཁག་གིས་ཚན་རྩལ་གསར་གཏོད་དང་། ལྗང་མདོག་འཕེལ་རྒྱས། མང་ཚོགས་དང་མཐུན་སྦྱོར། ཡུལ་བབ་དང་བསྟུན་པ། འདུ་ཤེས་འགྱུར་བ་བཅས་མཐའ་འཁྱོངས་བྱེད་པ་དང་རྒྱ་ཆེའི་ལས་བྱེད་པས་བསམ་བློའི་འདུ་ཤེས་ཐད་སྔོན་ལ་ཚད་བརྒལ་ཡོང་བ་དང་། དུས་རབས་མདུན་སྐྱོད་གོམ་སྟབས་ཀྱི་རྗེས་ཟིན་པ། བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་པ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་བོད་ཀྱི་དོན་དངོས་དང་མཐུན་པའི་བཟོ་ལས་དཔེ་གསར་ཅན་གྱི་ལམ་བུར་སྐྱོད་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་འཕྱུགས་པ་མེད་པ། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། ལས་བྱེད་པས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་གཏོང་བ། དམིགས་ཚད་ལས་འགན་གསལ་བཟོ། ལས་ཀའི་གཙོ་གནད་འབུར་ཐོན་ཡོང་བ་བཅས་བྱས་ནས་རང་ལྗོངས་ཀྱི་བཟོ་ལས་དཔེ་གསར་ཅན་གྱི་འཕེལ་རྒྱས་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་དགོས། ཐོན་ལས་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ངེས་གནས་ཁ་གསལ་དང་ཁྱད་ཆོས་མངོན་གསལ་ལྡན་པའི་ཐོན་ལས་མ་ལག་འཛུགས་པ། སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་རིམ་སྤོར་ལ་དམ་འཛིན། ཁྱད་ལྡན་ཐོན་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བར་དམ་འཛིན། གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བར་དམ་འཛིན། འབྱུང་འགྱུར་གྱི་ཐོན་ལས་འཆར་འགོད་འཛུགས་སྐྲུན་ལ་དམ་འཛིན་བཅས་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཡང་བའི་བཟོ་ལས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་བོད་ཀྱི་འཕེལ་རྒྱས་ཆེད་འགྲན་ལམ་གསར་པ་གཏོད་པ་དང་། ལེགས་ཆ་གསར་པ་གཏོད་པ། སྒུལ་ཤུགས་གསར་པ་གཏོད་པ་བཅས་བྱེད་དགོས། ལེགས་སྒྲིག་རིམ་སྤོར་ལག་བསྟར་གཏིང་ཟབ་དང་། གནས་མང་འདེགས་སྐྱོར་དང་སྣ་མང་འཕེལ་རྒྱས་ཀྱི་ཐོན་ལས་རྣམ་པ་ཆགས་པར་བྱེད་པ། གྲངས་འཛིན་གྱི་ནུས་པ་འདོན་པར་སྐུལ་འདེད་ཧུར་ཐག་གཏོང་བ། བློ་བརྟན་འགྱུར་མེད་ངང་ལྗང་མདོག་ཅན་གྱི་སྒྱུར་བཀོད་ལག་བསྟར། ལེགས་བསྡུས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། རྒྱུན་སྲིང་ལྷོད་མེད་ངང་སྤུས་རྟགས་ཅན་གཏོད་པའི་ལས་དོན་ཡག་པོ་སྒྲུབ་པ། གྲངས་འཛིན་བོད་ལྗོངས་སྣེ་ཁྲིད་དུ་བྱེད་པ། རིག་ནུས་བཟོ་སྐྲུན་གཙོ་རྒོལ་ཁ་ཕྱོགས་སུ་བྱེད་པ། གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་དམ་འཛིན་བྱ་གཞིར་བྱེད་པ་བཅས་བྱས་ནས་བཟོ་ལས་དཔེ་གསར་ཅན་ལ་སྐུལ་འདེད་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་རྩ་འཛུགས་ཀྱི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས་བཟོ་ལས་དཔེ་གསར་ཅན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། སྤྱི་འདོམས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་དང་། ཏང་ཨུད(ཏང་ཙུའུ)ཀྱི་གཅིག་གྱུར་འགོ་ཁྲིད་དང་། སྲིད་གཞུང་གི་འགན་འཁྲི་དོན་འཁྱོལ། ཁེ་ལས་ཀྱི་བྱེད་པོའི་ནུས་པ་འདོན་པ། སྤྱི་ཚོགས་ཀྱི་སྟོབས་ཤུགས་རྒྱ་ཁྱབ་ངང་ཞུགས་པ་བཅས་ཀྱི་ལས་ཀའི་རྣམ་པ་འཐུས་སྒོ་ཚང་དུ་གཏོང་བ། སྐུལ་འདེད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འགན་ལེན་གྱི་བྱ་ཐབས་ཞིབ་ཕྲ་བཟོ་བ་བཅས་བྱས་ཏེ། འཁོར་འབྲེལ་ཧྲིལ་པོར་འཕེལ་རྒྱས་ཀྱི་ལས་འགན་དོན་འཁྱོལ་དང་དོན་འཁྱོལ་ཞིབ་ཚགས་ལ་དམ་འཛིན་ཡག་པོ་བྱེད་དགོས། འདེགས་སྐྱོར་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྲིད་དོན་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། དྲང་གཞག་འགྲན་རྩོད་ཀྱི་ཁྲོམ་རའི་ཁོར་ཡུག་བཏོད་དེ་ནུས་ཤུགས་ཡོད་རྒུས་བཟོ་ལས་དཔེ་གསར་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁོར་ཡུག་བཟང་པོ་གཏོད་དགོས།
འགན་འཁྲི་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་རིམ་ཁག་ལས་བྱེད་པས་ཏན་ཏན་ཏིག་ཏིག་དང་སློབ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆེད་ལས་ཀྱི་བྱང་ཚད་དང་འཇོན་ཐང་ཆེ་རུ་ཧུར་ཐག་གཏོང་བ་དང་ཁྲོམ་རའི་དཔལ་འབྱོར་གྱི་ཁ་ལོ་སྒྱུར་བའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་སྟེ། བཟོ་ལས་ཤེས་པ་དང་། བཟོ་ལས་ལ་དགའ་ཞེན། བཟོ་ལས་དམ་འཛིན་བྱེད་མཁས་པ་བཅས་ཀྱི་འཇོན་ཐང་ཅན་ཞིག་ཏུ་ཧུར་ཐག་འགྱུར་བ་བྱེད་དགོས་པ་མ་ཟད། བཟོ་ལས་དཔེ་གསར་ཅན་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་དང་། ནུས་པ། ཆུ་ཚད་བཅས་ལ་ཞིབ་བཤེར་ཐུབ་པ་བྱེད་དགོས།
ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པའི་ཐོག་ནས་འཚོགས་ཤིང་། རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་དང་། རང་སྐྱོང་ལྗོངས་སྲིད་གཞུང་གཞུང་ཁོངས་རྒྱུ་ནོར་ལྟ་འདོམས་ཨུ་ལྷན། ལྷ་ས་གྲོང་ཁྱེར། བོད་ལྗོངས་ཆེས་བྲིན་བོད་སྨན་ཀུང་སི་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།