དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་དང་ཀན་སུའུ་ཡི་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ།

    ཝང་ཅུན་ཀྲེང་དང་ཧུའུ་ཁྲང་ཧྲེང་གིས་གསུང་བཤད་གནང་བ། རེན་ཀྲེན་ཧོ་དང་ལིའུ་ཅང་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-10-19

    ཟླ་10ཚེས་16དང་ཚེས་17ཉིན། ཀན་སུའུ་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་གནང་ཞིང་། འདི་ནི་བོད་དུ་བཞུགས་རིང་ཀན་སུའུ་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་ལྗོངས་ཆེས་བྲིན་ནས་ཀྱི་བདེ་ཐང་ཚན་རྩལ་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

    ཟླ་10ཚེས་16དང་ཚེས་17ཉིན། ཀན་སུའུ་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་གནང་བ་དང་ཚེས་17ཉིན་གྱི་སྔ་དྲོ་བོད་དང་ཀན་སུའུ་ཡི་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་ཚོགས་ར་ཡིན་པ།

    ཚེས་16དང་17ཉིན། ཀན་སུའུ་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་དུ་རྟོག་ཞིབ་གནང་བ་རེད། ཚེས་17ཉིན་གྱི་སྔ་དྲོར། བོད་དང་ཀན་སུའུ་ཡི་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀན་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧུའུ་ཁྲང་ཧྲེང་བཞུགས་མོལ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད། ཀན་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་རེན་ཀྲེན་ཧོ་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀན་སུའུ་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་མ་ཟད། དུས་ཡུན་རིང་པོའི་ནང་། ཀན་སུའུ་ཡིས་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། ཁོང་གིས་ཀན་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་། ཐེག་པ་འཁུར་ལེན་དང་དངོས་སྒྲུབ་ཡར་བརྩོན། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་ཤུགས་ཆེན་གཏོང་བ། དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ནས། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་དང་མཛེས་སྡུག་ལྡན་པའི་མདུན་ལམ་མངོན་པར་བྱས་ཡོད། བོད་དང་ཀན་སུའུ་ཡིས་དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་འགན་འཁྲི་མཉམ་དུ་ཁུར་ཡོད་པས། མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེ་ལ་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཀྱང་ཧ་ཅང་ཆེན་པོ་ལྡན་ཡོད། བོད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། དུས་རབས་གསར་པར་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་སྐུལ་འདེད་གཏོང་བའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་ལག་བསྟར་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་ནན་ཏན། ཀན་སུའུ་ཡི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོར་སློབ་སྦྱོང་། སྤེལ་རེས་མཉམ་ལས་ཟབ་ཏུ་གཏོང་བ། མཉམ་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ས་གནས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། ཁྱབ་ཁོངས་རྒྱ་ཆེ་བ་དང་རིམ་པ་མང་བའི་རིག་གནས་དང་མི་ཆོས་རིག་གནས་སྤེལ་རེས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་རིག་གནས་ཀྱི་ཁྱིམ་གཞིས་བསྐྲུན་པ། གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་དང་། མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། སྤེལ་རེས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། བོད་ལུགས་གསོ་རིག་དང་བོད་སྨན། ས་མཐོའི་ཡང་བའི་བཟོ་ལས་སོགས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་བྱེད་པ། མུ་མཐུད་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། འབྲེལ་གཏུག་མཐུན་སྦྱོར་དང་། ཐོན་ལས་མཉམ་སྒྲུབ། ངལ་ནུས་མཉམ་ལས་སོགས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་དང་། སྐྱེ་ཁམས་སླར་གསོ་བཅོས་སྐྱོང་། ཐོན་ཁུངས་སྲུང་སྐྱོང་བེད་སྤྱོད་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོར་བསྐྲུན་པ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཆ་འཕྲིན་ཅན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཐོན་ཁུངས་ཆ་འཕྲིན་མཉམ་སྤྱོད་བྱེད་ཟབ་ཏུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་མཉམ་དུ་སྲུང་སྐྱོང་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    ཧུའུ་ཁྲང་ཧྲེང་གིས་ཀན་སུའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་ཀན་སུའུ་ཡི་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞིར”དམིགས་ནས་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བར་བརྟེན་གྲུབ་འབྲས་གསར་པ་ཐོབ་ཡོད། འདི་ལོའི་ཟླ་9པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལ་གཟིགས་ཞིབ་གནང་སྐབས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་རང་འགུལ་ངང་ཞབས་འདེགས་དང་འབྲེལ་མཐུད་བྱེད་པ་དང་། ཤར་ནུབ་རྒྱུད་ཀྱི་རོགས་ལས་དང་ཞིང་ཆེན་དབར་གྱི་མཉམ་ལས་སོགས་ཀྱི་ལམ་སྲོལ་ལ་བརྟེན་ནས་ཞིང་ཆེན་གྱི་ས་ཁོངས་སྒྲོལ་བའི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་དགོས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་པོའི་ཕྱོགས་ཡོངས་ཀྱི་མཉམ་ལས་དང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས། ཕྱོགས་གཉིས་པོའི་མཉམ་ལས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ལག་གདང་སྦྲེལ་ཏེ་གཏོད་པ་དང་། ལེགས་ཆའི་ཐོན་ལས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་སྟེ་རིག་གནས་དང་ཡུལ་སྐོར་ཐོན་ལས་དང་ཞིང་ལས་ཐོན་རྫས་སོགས་མཉམ་དུ་གསར་སྤེལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཁེ་ལས་ཀྱིས་རྣམ་གྲངས་ཐད་ཕན་ཚུན་མ་དངུལ་འཇོག་པར་ཁྲིད་སྟོན་བཅས་བྱས་ནས་མཉམ་ལས་ཀྱི་རིམ་པ་དང་། སྤུས་ཚད། ཕན་འབྲས་བཅས་ཆེ་རུ་ཧུར་ཐག་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། འགྲིམ་འགྲུལ་དང་ཟོག་འགྲེམས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་སྟེ་ལྕགས་ལམ་དང་། མཁའ་འགྲུལ། རྒྱལ་སྤྱིའི་གཞུང་ལམ་དང་ལྕགས་ལམ་མཉམ་འདྲེན་དུས་གཏན་མེ་འཁོར། ཕྱི་རྒྱལ་དུ་མཛོད་ཁང་མཉམ་སྐྲུན་མཉམ་སྤྱོད་སོགས་ཀྱི་ཐད་སྤེལ་རེས་ཧུར་ཐག་བྱས་ནས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏིང་ཟབ་དང་ཏན་ཏིག་འགྲོ་བར་སྐུལ་འདེད་གཏོང་བ། ལས་ཞུགས་དང་ལས་མིའི་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་དང་། མཉམ་དུ་ཆ་འཕྲིན་ལས་སྟེགས་སྐྲུན་པ། ཞབས་ཞུའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ངལ་ནུས་མཉམ་ལས་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། སློབ་གསོ་དང་ཚན་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་སྟེ་ཞིབ་འཇུག་སློབ་མ་མཉམ་འབྲེལ་ཐོག་གསོ་སྐྱོང་དང་། མཐོ་སློབ་རིག་ཚན་འཛུགས་སྐྱོང་། ཚན་རིག་ཞིབ་འཇུག་མཉམ་འབྲེལ་འགག་སྒྲོལ་བཅས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་ཐོན་ཁུངས་མཉམ་སྤྱོད་དང་ལེགས་ཆ་གསབ་རེས། མི་རིགས་ཆོས་ལུགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་མཉམ་དུ་མཐུན་སྒྲིལ་འབད་འཐབ་དང་མཉམ་དུ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་བཅས་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

    བཞུགས་མོལ་ཚོགས་འདུའི་ཐོག ཕྱོགས་གཉིས་པོས་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་ལ་མཚན་རྟགས་བཀོད་ཅིང་། བོད་དུ་བཞུགས་རིང་། ཀན་སུའུ་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་ལྗོངས་ཧྲང་ཁྲུའུ་ཐབ་ཆས་ཚན་རྩལ་ཚད་ཡོད་ཀུང་སི་དང་། བོད་ལྗོངས་ཆེས་བྲིན་ནས་འབྲུ་བདེ་ཐང་ཚན་རྩལ་ཚད་ཡོད་ཀུང་སི། ཀླུ་སྒུག་སྡེ་ཁུལ་བཅས་ལ་རྟོག་ཞིབ་གནང་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་གཞི་རིམ་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་ཤེས་རྟོགས་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།