ཝང་ཅུན་ཀྲེང་གིས་ཀྲུང་གོ་གློག་འཕྲིན་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཁོ་རུའེ་ཝུན་དང་བཞུགས་མོལ་གནང་བ།
ཟླ་10ཚེས་15ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཀྲུང་གོ་གློག་འཕྲིན་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཁོ་རུའེ་ཝུན་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་གནང་ཡུལ་ཡིན་པ།
ཚེས་15ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་ཀྲུང་གོ་གློག་འཕྲིན་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་ཁོ་རུའེ་ཝུན་དང་བཞུགས་མོལ་གནང་བ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཁོ་རུའེ་ཝུན་དང་བཅས་པ་བོད་དུ་རྟོག་ཞིབ་ལ་ཕེབས་པར་དགའ་བསུ་ཞུས་པ་དང་། ཀྲུང་གོ་གློག་འཕྲིན་ཚོགས་པས་དུས་ཡུན་རིང་པོའི་ནང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་གཞུང་ཁོངས་འཕྲིན་གཏོང་གཉེར་སྐྱོང་ཁེ་ལས་ཆེ་ཤོས་གྲས་ཤིག་ཡིན་པའི་ཀྲུང་གོ་གློག་འཕྲིན་ཚོགས་པས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། རང་ངོས་ཀྱི་ལེགས་ཆ་སྔར་བས་འདོན་སྤེལ་དང་དངོས་སྒྲུབ་མཉམ་ལས་རྒྱུན་མཐུད་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། མིག་སྔར་བོད་འདི་ཉིད་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགག་རྩའི་དུས་སྐབས་སུ་གནས་ཡོད། ཕྱོགས་གཉིས་པོས་ཐུན་མོང་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ། མཉམ་ལས་བྱེད་སྟངས་གསར་གཏོད། མཉམ་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། ལག་གདང་སྦྲེལ་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་ལེགས་ཆ་གསར་པ་གཏོད་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་རམ་འདེགས་བྱེད་དགོས། མཉམ་ལས་ཀྱི་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་ཀྲུང་གོ་གློག་འཕྲིན་ཚོགས་པའི་ཤེས་ལྡན་པ་དང་། ལག་རྩལ། མ་དངུལ་སོགས་ཀྱི་ལེགས་ཆ་འདོན་པ་དང་། གྲངས་འཛིན་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། གྲངས་འཛིན་ཐོན་རྫས་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། གྲངས་གཞི་ཆེན་པོའི་ཉེར་སྤྱོད་རྣམ་པ་རྒྱ་ཆེར་གཏོང་བ་བཅས་བྱས་ནས་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས། མཉམ་ལས་གཉིས་ཁེ་ཡོང་བ་དང་། གནད་དོན་གྱི་སྟོན་ཕྱོགས་དང་། དམིགས་ཚད་ཀྱི་སྟོན་ཕྱོགས། འབྲས་བུའི་སྟོན་ཕྱོགས་བཅས་མཐའ་འཁྱོངས། ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ། གྲངས་འཛིན་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། མང་ཚོགས་ཀྱི་འཚོ་བ་བཅས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་དགོས། གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་བཏང་ནས་ལེགས་ཆ་གང་ལེགས་འདོན་པ་དང་། གྲངས་གཞིའི་ནུས་པ་ཆེ་རུ་གཏོང་བ། གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་ཧུར་ཐག་གཏོང་བ། རིག་གནས་ཡུལ་སྐོར་དང་། ནུས་རྒྱུ་གཙང་མ། ལྗང་མདོག་བཟོ་ལས་སོགས་ཁྱད་ལྡན་ཐོན་ལས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་རིམ་སྤོར་ལ་སྣེ་ཁྲིད་དང་སྐུལ་འདེད་གཏོང་བ། བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་ནུས་ལྡན་འགྱུར་བ་བཅས་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས།
ཁོ་རུའེ་ཝུན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁེ་ལས་བོད་དུ་འཕེལ་རྒྱས་འགྲོ་རྒྱུར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ཀྲུང་གོ་གློག་འཕྲིན་ཚོགས་པས་ད་ཐེངས་ཀྱི་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་འཇོག་པ་གོ་སྐབས་སུ་བརྩིས་ཏེ་བོད་ཀྱི་དགོས་མཁོ་དང་འབྲེལ་མཐུད་ཧུར་ཐག་བྱེད་པ་དང་། རང་ངོས་ཀྱི་ནུས་པ་གང་ལེགས་འདོན་པ། འབྲེལ་གཏུག་སྤེལ་རེས་དམ་ཟབ་བྱེད་པ། མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བ། རྒྱབ་སྐྱོར་གྱི་ཞབས་འདེགས་ཡག་པོ་ཞུ་བ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།