བསོད་ནམས་ཉི་མས་དགའ་ལྡན་དགོན་དང་། མཚུར་ཕུ་དགོན། གནས་ནང་དགོན་བཅས་ལ་བརྟག་ཞིབ་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསོད་ནམས་ཉི་མས་དགའ་ལྡན་དགོན་དང་། མཚུར་ཕུ་དགོན། གནས་ནང་དགོན་བཅས་སུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་དང“འདུ་ཤེས་གསུམ”གྱི་སློབ་གསོའི་དུས་མཚམས་གསུམ་པའི་ལས་དོན་སྐུལ་འདེད་གཏོང་ཚུལ་ལ་བརྟག་ཞིབ་དང་། དགོན་སྡེའི་བརྟན་ལྷིང་སྲུང་སྐྱོང་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་དགོན་སྡེའི་དོ་དམ་ལས་དོན་གྱི་སྙན་སེང་གསན་པ་རེད།
བསོད་ནམས་ཉི་མས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཁག་དང་དགོན་སྡེའི་དོ་དམ་ལས་དོན་ཟུང་འབྲེལ་བྱས་ཏེ། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཐོས་བསམ་མྱོང་རྟོགས་དང་དངོས་སྒྲུབ་དོན་འཁྱོལ་ཏན་ཏིག་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་དེ་དགོན་སྡེའི་དོ་དམ་ལས་དོན་གྱི་ཕྱོགས་ཁག་ལ་ཁྱབ་པར་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་དགོན་སྡེར་མུ་མཐུད་གཏིང་ཟབ་སྤེལ་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཤུགས་ཆེན་གཏོང་དགོས། དགོན་སྡེའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་གསོན་ཉམས་དོད་པའི་ལོ་རྒྱུས་དཔྱད་གཞི་སྔོག་འདོན་དང་ལེགས་སྒྲིག་གཏིང་ཟབ་བྱེད་པ། དགོན་སྡེའི་གྲྭ་བཙུན་ལ“མོས་སེམས་ལྔ”ཟབ་ཏུ་གཏོང་རྒྱུའི་སློབ་གསོ་ཁྲིད་སྟོན་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་དགོས། ཆོས་ལུགས་ལས་རིགས་ཀྱི“འདུ་ཤེས་གསུམ”གྱི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་དོ་དམ་བྱེད་པ། དགོན་སྡེའི་དོ་དམ་རྒྱུན་རྣམ་དང་ཕུགས་ཕན་ལ་མུ་མཐུད་སྐུལ་འདེད་གཏོང་བ། ཆོས་ལུགས་ཀྱི་འཕོ་འགྱུར་གཟབ་ནན་ངང་འཚོལ་ཞིབ་དང་སྐུལ་འདེད་གཏོང་བ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་རྒྱུར་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས།