དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • ཝང་ཅུན་ཀྲེང་གིས་ལྷ་སར་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་དང་མཉམ་སྡེབ་གླེང་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-10-14

    ཚེས་12ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་གསར་དུ་བསྐོ་གཞག་བྱས་པའི་ལས་བྱེད་པ་དང་མཉམ་སྡེབ་གླེང་མོལ་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ་དང་། རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པའི་འཇོན་ཐང་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་མཐའ་འཁྱོངས་བྱེད་པ། ཏང་དང་མི་དམངས་བློ་ཡིད་ཚིམས་པའི་ལས་བྱེད་པ་ཡག་པོ་ཞིག་བྱེད་པ་བཅས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་སྐྲུན་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལའེ་ཅའོ་དང་ཀུང་ཧུའེ་ཚའེ་ཚོགས་འདུར་ཞུགས་པ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལས་བྱེད་པ་གསོ་སྐྱོང་དང་། འདེམས་སྒྲུག བསྐོ་སྤྱོད་བཅས་ལ་ཚད་མཐོའི་མཐོང་ཆེན་གནང་ནས་སྤྱོད་ཡོན་གཉིས་ལྡན་དང་བཟང་འདེམས་འཇོན་བསྐོ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ང་ཚོས་དུས་བབ་གསར་པའི་འོག་གི་ལས་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། དུས་རབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་བཞིའི”ཆབ་སྲིད་ཀྱི་བླང་བྱ་མཐའ་འཁྱོངས་དང་། འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པ་མཐའ་འཁྱོངས་བྱས་ཏེ་བྱ་བ་སྒྲུབ་བསམ་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཐུབ་པ་བཅས་ཀྱི་ལས་བྱེད་པ་འདེམས་བསྐོ་བྱས་ཡོད། རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་སྦྱོང་བ་དང་། གཙོ་གནད་འབུར་དུ་ཐོན་པའི་ངང་སྦྱོང་བ། དོན་དངོས་དང་ཟུང་འབྲེལ་གྱིས་སྦྱོང་བ་བཅས་བྱེད་པ། དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་གང་ཐུབ་ཆུད་པ། རང་རྟོགས་ངང་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཧུར་བརྩོན་དང་རང་འགུལ་ངང་གནད་དོན་ལ་བསམ་བློ་གཏོང་བ་དང་། ཐབས་ཇུས་འདོན་པ། བྱ་བ་སྒྲུབ་པ་བཅས་བྱས་ནས་གོ་དོན་མཐིལ་རྟོགས་དང་། སྦྱངས་པ་གོ་ཆོད། ཤེས་སྦྱོར་གཅིག་མཐུན་བཅས་ཡོང་བར་བྱེད་པ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། 

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སློབ་སྲོལ་དར་སྤེལ་བཏང་ནས་འགན་འཁྲི་སྒྲུབ་ནུས་དང་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། སྤྱོད་ཡོན་གཉིས་ལྡན་དང་ཆེད་ལས་ཤེས་བྱ་དང་ལག་རྩལ་ཁོང་དུ་ཆུད་པར་བྱས་ནས་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་སྣ་ཚོགས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། གང་བྱས་དེ་དགའ་དང་གང་བྱས་དེ་བརྩོན། ཆེད་ལས་ཀྱི་ནུས་པ་དང་ཆེད་ལས་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱེད་པར་སྣང་ཆེན་བཅས་བྱས་ཏེ། བྱ་བ་སྒྲུབ་བསམ་པ་དང་། བྱ་བ་སྒྲུབ་ནུས་པ། བྱ་བ་སྒྲུབ་ཐུབ་པ་བཅས་བྱེད་དགོས། ཆབ་སྲིད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཚོར་སྐྱེན་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་། ཆབ་སྲིད་ཀྱི་ཐད་ནས་གནད་དོན་ལ་ལྟ་ཞིབ་དང་། དབྱེ་ཞིབ། ཐག་གཅོད་བཅས་བྱེད་མཁས་པོ་བྱེད་དགོས་པ་དང་། རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་དང་། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནས་རང་འགུལ་ངང་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་བསམ་གཞིགས་དང་འཆར་འགོད་བྱེད་དགོས། སློབ་སྦྱོང་བྱེད་ནུས་ཆེ་རུ་གཏོང་བ་དང་ཚེ་གང་སློབ་སྦྱོང་བྱེད་པའི་འདུ་ཤེས་ཆགས་པར་བྱེད་པ་དང་། ལས་གང་བསྒྲུབས་ན་དེ་སྦྱོང་བ་དང་གང་ཆད་ན་དེ་གསབ་རྒྱུ་མཐའ་འཁྱོངས་བྱེད་པ། གཞུང་ལུགས་ཀྱི་ཤེས་བྱ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ནས་ལག་ལེན་གྱི་ཐད་ནས་སྦྱོང་བ་དང་གཞི་རིམ་དུ་སྦྱོང་བ། སྲིད་དོན་དམངས་ལ་འདྲི་བ་དང་། མཁོ་དགོས་དམངས་ལ་འདྲི་བ། ཐབས་ཇུས་དམངས་ལ་འདྲི་བ་བཅས་མཐའ་འཁྱོངས་ཀྱིས་རང་རྐྱ་འཕེར་བའི་བསམ་གཞིགས་དང་བརྡར་ཤ་གཅོད་ནུས་ཆེ་རུ་བཏང་སྟེ་རང་འཁྲིའི་ལས་དོན་སྒྲུབ་མཁན་བྱང་མ་ཞིག་ཏུ་འགྱུར་བར་བྱེད་དགོས། ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ་དང“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་ལས་ཀའི་བསམ་ཕྱོགས་འཐུས་ཚང་དུ་གཏོང་བ་དང་ལས་ཀ་བྱེད་སྟངས་ལེགས་བཅོས་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་དང་། སྤྱི་ཚོགས་བཅོས་སྐྱོང་། སྒྱུར་བཅོས་འགག་སྒྲོལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད། མང་ཚོགས་ཀྱི་ལས་དོན་སོགས་ཐད་ཀྱི་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་བ། མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་དང་དངོས་ཕན་འཐོབ་པའི་བྱ་བ་མང་ཙམ་སྒྲུབ་པ་བཅས་བྱས་ཏེ། ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱི་ཉམས་སད་ཐེག་ཐུབ་པའི་གྲུབ་འབྲས་དངོས་ཧུར་ཐག་གཏོད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ་དང་། ཡང་དག་པའི་སྲིད་སྐྱོང་ལས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ། ཏང་གཤིས་ཀྱི་རྩ་དོན་མཐའ་འཁྱོངས་བཅས་བྱས་ཏེ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ཐོག་ནས་རང་འགན་གཙང་སྒྲུབ་དང་འགན་འཁུར་ཕོད་པ་བྱེད་དགོས། དམངས་འཚོ་ལེགས་སུ་གཏོང་བ་དང་མི་སེམས་གཅིག་ཏུ་སྒྲིལ་བའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་མང་ཚོགས་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་ཐོག་མཐའ་བར་གསུམ་དུ་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་། མི་སེམས་གཅིག་ཏུ་བསྒྲིལ་རྒྱུར་སྐུལ་འདེད་གཏོང་བ། ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་བྱ་བ་མང་ཙམ་བསྒྲུབས་ཏེ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་སྐོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རང་གཅུན་ནན་པོ་དང་ཏང་གི་སྒྲིག་ཁྲིམས་ལ་བརྩི་སྲུང་ནན་པོ་ཞུས་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་འགོ་ཁྲིད་ལས་བྱེད་པ་ཧུར་ཐག་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ་དང་། སྣེ་ཁྲིད་དེ“གནས་གཅིག་འགན་གཉིས”སྒྲུབ་པ། ཚན་ཁག་ལ་དམ་འཛིན་དང་དཔུང་ཁག་གི་སྣེ་ཁྲིད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རང་གཅུན་ནན་པོ་དང་། འགན་འཁྲི་ནན་པོ་འཁུར་བ། ཁོངས་གཏོགས་ལ་ལྟ་འདོམས་ནན་པོ་བྱེད་པ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལ་བརྩི་སྲུང་ནན་པོ་ཞུ་བ་བཅས་བྱས་ཏེ། ཐབས་ཇུས་འདིང་བར་ཚན་རིག་དང་མཐུན་ལ་དམངས་གཙོ་ཡིན་པ་དང་། ལག་ལེན་བསྟར་བར་བློ་ཐག་ཆོད་ལ་ཤུགས་དང་ལྡན་པ། ལས་དོན་སྒྲུབ་པར་ཁྲིམས་དང་མཐུན་ལ་ལས་ཕྱོད་ཆེ་བ་བཅས་དངོས་འབྲེལ་བྱེད་དགོས། སྤྱོད་གཙང་གི་འདུ་ཤེས་ཟབ་ཏུ་བཏང་ནས་དུས་དང་རྣམ་པ་ཀུན་ཏུ་རང་བརྩི་དང་། རང་བརྟག རང་གཟབ། རང་གཅུན་བཅས་བྱེད་པ་དང་། ཡང་དག་པའི་དབང་ཆའི་ལྟ་བ་དང་། གོ་གནས་ཀྱི་ལྟ་བ། ཁེ་ཕན་གྱི་ལྟ་བ་བཅས་འཛུགས་པ། ཆབ་སྲིད་ཀྱི་ངེས་ཤུགས་དང་། སྒྲིག་ཁྲིམས་ཀྱི་ངེས་ཤུགས། ཀུན་སྤྱོད་ཀྱི་ངེས་ཤུགས། རུལ་འགོག་གི་ངེས་ཤུགས་བཅས་ཆེ་རུ་གཏོང་བ། འཇིགས་བཀུར་ཤེས་པ་དང་། དོགས་དངངས་ཡོད་པ། མཐའ་ཚད་སྲུང་བ་བཅས་བྱེད་དགོས། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་བྱས་ཏེ། ཏང་དང་། རྒྱལ་ཁབ། མི་དམངས་བཅས་ལ་ལྷག་བསམ་རྣམ་དག་བྱས་ནས་ཏང་གི་སྒྲིག་ཁྲིམས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ནན་སྲུང་གིས་སྐད་ཆ་དྲང་པོ་ཤོད་པ་དང་། བྱ་བ་དྲང་གཞག་སྒྲུབ་པ། མི་དྲང་པོ་བྱེད་པ། འགན་འཁྲི་འཁུར་ཕོད་པ་དང་རང་འགན་གཙང་སྒྲུབ། སྤྱོད་ཚུལ་ལེགས་གཏོང་། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་དངོས་སྒྲུབ་ཀྱི་གྲུབ་འབྲས་ལ་བརྟེན་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།