ཝང་ཅུན་ཀྲེང་གིས་རང་ལྗོངས་ཀྱི་གཟེངས་བསྟོད་ཐོབ་མཁན་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་ཀྱི་འཐུས་མི་དང་དཔེ་བཟང་མི་སྒེར་ལ་མཇལ་འཕྲད་གནང་བ།
ཟླ་10ཚེས་11ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་རང་ལྗོངས་ཀྱི་གཟེངས་བསྟོད་ཐོབ་མཁན་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་ཀྱི་འཐུས་མི་དང་དཔེ་བཟང་མི་སྒེར་ལ་མཇལ་འཕྲད་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་གཟེངས་བསྟོད་ཐོབ་མཁན་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་ཀྱི་འཐུས་མི་དང་མི་སྒེར་ལ་ཕྱག་གཏོང་བཞིན་པ།
ཚེས་11ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་རང་ལྗོངས་ཀྱི་གཟེངས་བསྟོད་ཐོབ་མཁན་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་ཀྱི་འཐུས་མི་དང་དཔེ་བཟང་མི་སྒེར་ལ་མཇལ་འཕྲད་གནང་ཞིང་། ཁོང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ཕྱོགས་ཡོངས་ནས་སློབ་སྦྱོང་དང་གོ་བ་བླངས་ཏེ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱེད་པ། དཔེ་མཚོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། མི་རིགས་མཐུན་སྒྲིལ་ལས་དོན་སྔར་བས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་དགོས་པའི་ནན་བཤད་གནང་བ་རེད།
རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ལིའུ་ཅང་དང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། ཀྲང་ཡན་ཆིང་། ཞུས་ཀྲི་ཐའོ། ཡུས་ཡུན་ཀུའེ་བཅས་ཞུགས་ཡོད་པ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་མཁན་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་དཀའ་སྤྱད་འབད་འཐབ་གནང་མཁན་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་མཚམས་སུ། ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་འཚོགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་ཁག་གི་མི་དམངས་ལ་བཅངས་པའི་བརྩེ་བ་ཟབ་མོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཁོང་སྐུ་ངོ་མ་བོད་དུ་ཕེབས་ཏེ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བ་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ། བོད་ལ“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞི་གཏན་འཁེལ་གནང་བ་དང་། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཐབ་ཇུས་དམིགས་ཚད་བཏོན་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ལྗོངས་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། དམངས་འཚོ་རྒྱུན་མཐུད་ལེགས་གཏོང་། མི་རིགས་ཆོས་ལུགས་ལས་དོན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་གཏོང་། སྤྱི་ཚོགས་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་བཅས་ཡོང་བར་སྐུལ་འདེད་བཏང་ཡོད། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་ལེན་རླབས་པོ་ཆེའི་ཁྲོད། ས་གནས་ཁག་དང་ལས་རིགས་ཁག་ཏུ་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་གྱི་སྔོན་ཐོན་དཔེ་མཚོན་ཁག་གཅིག་ཐོན་ཡོད། སྔོན་ཐོན་དཔེ་མཚོན་ནི་དུས་རབས་ཀྱི་མིག་དཔེ་ཡིན་པས་དུས་རབས་གསར་པའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བསམ་པའི་ཉམས་འགྱུར་དང་ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་སེམས་མངོན་པ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་གཟུགས་བརྙན་བཟང་པོ་མངོན་ཡོད། གཟེངས་བསྟོད་ཐོབ་མཁན་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་གྱིས་གཟི་བརྗིད་མཚན་སྙན་ལ་གཅེས་སྤྲས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དེ་སྒུལ་ཤུགས་ཆེན་པོར་ཏན་ཏིག་འགྱུར་བ་བྱས་ནས་མུ་མཐུད་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ། རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་ཡང་འབད་བསྐྱར་འབད་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། མི་རིགས་ལས་དོན་ནི་ཏང་དང་རྒྱལ་ཁབ་ཀྱིས་རྒྱལ་སྐྱོང་སྲིད་འཛིན་གྱི་ནང་དོན་གལ་ཆེན་ཞིག་རེད། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་མགྱོགས་སུ་གཏོང་བ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་ལམ་བུར་སྐྱོད་པ་བཅས་བྱེད་དགོས། ནུས་ཤུགས་ཡོད་རྒུས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་རིག་གནས་ཁྱིམ་གཞིས་བསྐྲུན་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་། “ལོ་རྒྱུས་བཞིའི”སློབ་གསོ། བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་ཀྱི་སློབ་གསོ་བཅས་གཏིང་ཟབ་སྤེལ་ཏེ་མང་ཚོགས་ཀྱིས་གོ་ཐུབ་པའི་སྐད་ཆ་དང་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་སྟངས་ཐོག་ནས་སྤྱི་ཚོགས་ཡོངས་ལ་ཕྱོགས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲང་ནུས་བརྒྱུད་སྤྲོད་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོ་བཙུགས་ནས་མིག་འབྲས་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་སྟེ་ཁ་གཏད་བོད་སྐྱོར་ལས་དོན་དང་། བོད་ལྗོངས་འཛིན་གྲྭ་གཉེར་བ། ཡུལ་སྐོར་ཚོང་གཉེར་སོགས་དང་ཟུང་འབྲེལ་བྱས་ནས་མི་རིགས་ཁག་ཕན་ཚུན་མཉམ་འདྲེས་ཀྱི་སྤྱི་ཚོགས་གྲུབ་ཆ་དང་སྡེ་ཁུལ་གྱི་ཁོར་ཡུག་ཧུར་ཐག་བཏོད་དེ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལ་རྒྱུན་དུ་དམ་འཛིན་དང་མཉམ་འདྲེས་ཡོང་བར་བྱས་ནས་མི་རིགས་ཁག་དབར་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བར་སྐུལ་འདེད་གཏོང་དགོས། ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་། ཐུན་མོང་ཐོག་དར་རྒྱས་གོང་འཕེལ་མཐའ་འཁྱོངས་བྱས་ཏེ“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་དུ་བརྩིས་ནས་དམ་འཛིན་བྱེད་པ། མང་ཚོགས་ཀྱི་འཚོ་བར་སེམས་ཁུར་དང་བྱེད་སྟངས་དང་བྱེད་ཐབས་ལ་དོ་སྣང་བྱེད་པ། མང་ཚོགས་ཀྱི་ལངས་ཕྱོགས་སུ་ལངས་ནས་གནད་དོན་ལ་བསམ་གཞིག་བྱེད་པ། ལྷག་བསམ་ཟོལ་མེད་ངང་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་དོན་དག་ལེགས་པར་བསྒྲུབ་པ། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་བཅས་བྱས་ཏེ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་རེ་འདོད་དེ་བས་ལེགས་པའི་ངང་སྐོང་ཐུབ་པ་བྱས་ཏེ་མི་རིགས་ཁག་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས་སྙིང་ཉེ་བ་དང་། ཡིད་རྟོན་རུང་བ། བརྩི་བཀུར་ཞུ་འོས་པ་བཅས་ཀྱི་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་དེ་བས་མང་བ་གསོ་སྐྱོང་དང་འདེམས་གཏོད་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གི་མི་སེམས་འགུལ་བའི་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་མི་རིགས་ཁག་གི་མང་ཚོགས་ལ་སློབ་སྦྱོང་ཐད་ཚད་ཤིང་ཡོད་པ་དང་ལས་ཀའི་ཐད་མིག་དཔེ་ཡོད་པ་བྱས་ཏེ་སྤྱི་ཚོགས་ཡོངས་སུ་དཔེ་བཟང་ལ་བརྩི་མཐོང་དང་། དཔེ་བཟང་ལ་སློབ་སྦྱོང་། དཔེ་བཟང་བརྩོན་ལེན་བཅས་བྱེད་པའི་རྣམ་པ་ཟབ་མོ་ཞིག་ཆགས་པར་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པའི་མཉམ་ཤུགས་གཅིག་སྡུད་བྱེད་དགོས།
སྤེན་པ་དང་། བྱམས་པ་བཀྲ་ཤིས། ཐུབ་བསྟན་ཚེ་རིང་། འཕགས་མཆོག་སྐལ་བཟང་ཉི་མ། སུང་ཡུས་ཀང་། ཧོ་ཝུའེ། ཅི་ཕུའུ་སོགས་དཔེ་བཟང་མཉམ་སྡེབ་ཀྱི་འཐུས་མི་དང་དཔེ་བཟང་མི་སྒེར་གྱིས་སྤེལ་རེས་གཏམ་བཤད་བྱས་པ་རེད།