ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།
ལས་དོན་གྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱེད་པ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ཐོག་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་བྱེད་དགོས།
ཚེས་8ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཟླ་9ཚེས་26ཉིན་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་ནན་ཏན་དང་། དཔལ་འབྱོར་གྱི་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག མིག་སྔའི་ལྗོངས་ཡོངས་ཀྱི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་མིག་སྔའི་དཔལ་འབྱོར་དུས་བབ་ལ་ཕྱོགས་ཡོངས་དང་དོན་དངོས་དང་མཐུན་པའི་ཞིབ་འཇུག་དང་བརྡར་ཤ་བཅད་དེ་མིག་སྔའི་དཔལ་འབྱོར་ལས་དོན་ཐད་བཀོད་སྒྲིག་གལ་ཆེན་གནང་ནས་ང་ཚོས་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། འདི་ལོ་ནས་བཟུང་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་བས། ལྗོངས་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་སྤྱིར་ན་བརྟན་པོ་དང་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་འཕར་བའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1189.45ཟིན་པ་དེ་དུས་མཚུངས་ལས་6.1%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་6.4%དང་8.4%སོ་སོར་འཕར་ནས་འཕར་ཚད་ཚང་མ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་རིན་ཐང་འཕར་མ། དངོས་ཟོག་ཕྱིར་གཏོང་ནང་འདྲེན་གྱི་བསྡོམས་འབོར། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སོགས་ཀྱི་དམིགས་ཚད་འཕར་ཚད་ཀྱང་ཚང་མ་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་བཅས་ཀྱི་ཐོག་ནས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་མངོན་ཡོད།
སྔོན་དཔག་བྱས་ན་དུས་ཚིགས་དང་པོ་ནས་གསུམ་པའི་བར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་། གཏན་འཇགས་རྒྱུ་ནོར་གྱི་མ་དངུལ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོགས་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་སྔར་བཞིན་མགྱོགས་མྱུར་འཕར་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་རེ་ཡོད་པ་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་གྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ་དང་། དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་ཐུབ་པའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་བ། ཚན་རིག་དང་མཐུན་པའི་ངང་དངོས་ཡོད་ཀྱི་དུས་བབ་ཁོང་དུ་ཆུད་པ། ལས་དོན་གྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། དམ་པ་དོན་གཉེར་གྱི་སྤྱོད་ཚུལ་ལ་བརྟེན་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་ཧུར་ཐག་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་སྐུལ་འདེད་སྔར་ལས་ལྷག་པ་གཏོང་དགོས།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་ཚང་མར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་སྙིང་ལྡན་དགོས་པ་དང་། ཚང་མར་གཅིག་གྱུར་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་དོན་སྙིང་ལྡན་དགོས་པ། ཚང་མར་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་དོན་སྙིང་ལྡན་དགོས་པ། ཚང་མར་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་འགྲོ་བར་ཕན་འདོགས་དགོས་པ་བཅས་མཐའ་འཁྱོངས་ཀྱིས་བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས་ནས་བོད་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། ནུས་ལྡན་གྱི་མ་འཇོག་བྱེད་རྒྱ་རྒྱུན་མཐུད་ཆེ་རུ་གཏོང་དགོས་ཤིང་། འཕེལ་རྒྱས་ཀྱི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱེད་པ་དང་། རྣམ་གྲངས་འཆར་འགོད་དང་བསྟུན་པ་དང་མ་དངུལ་གྱི་བདག་རྐྱེན་རྣམ་གྲངས་དང་བསྟུན་རྒྱུ་མཐའ་འཁྱོངས་བྱེད་པ། ནུས་ཤུགས་ཡོད་རྒུས་གཙོ་གནད་རྣམ་གྲངས་གཅིག་སྡུད་འགག་སྒྲོལ་ལ་དམ་འཛིན་ཡག་པོ་བྱེད་པ། རྣམ་གྲངས་དོན་འཁྱོལ་དང་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་རྒྱག་པ། དངོས་ཡོད་ལས་འབོར་དེ་བས་མང་བ་ཆགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། དཔལ་འབྱོར་འཕེལ་རྒྱས་ཐད་མིག་སྔར་གསོན་ཤུགས་ཡོད་པ་དང་འབྱུང་འགྱུར་ལ་མི་མངོན་པའི་སྟོབས་ཤུགས་ཡོད་པའི་འགན་ལེན་བྱེད་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་པོ་སྐྲུན་དགོས་ཤིང་། བོད་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ཁུངས་ལ་གཞི་ཚུགས་པ་དང་། སྲོལ་རྒྱུན་གྱི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། ལག་རྩལ་སྒྱུར་བཀོད་དང་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་གྲངས་འཛིན་དཔལ་འབྱོར་སོགས་ཀྱི་ལས་རྣམ་གསར་པ་སྐྱེད་སྲིང་ཧུར་ཐག་བྱེད་པ། དོན་དངོས་དང་ཟུང་འབྲེལ་གྱིས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཡང་བའི་བཟོ་ལས་འཕེལ་རྒྱས་གཏོང་བ། རིག་གནས་དང་ཡུལ་སྐོར་སོགས་ཐོན་ལས་ཀྱི་མཁོ་སྤྲོད་ཆུ་ཚད་མཐོ་རུ་གཏོང་བ། སྤུས་རྟགས་གཏོད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་དགོས། ནང་མཁོ་རྒྱ་ཆེར་གཏོང་བར་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེ་དང་འཛད་རྫས་རྙིང་ཚབ་གསར་བརྗེ་ལ་སྐུལ་འདེད་གཏོང་བ་དང་། སྲིད་ཇུས་ཀྱི་གནད་སྨིན་རང་བཞིན་དང་རྒྱུན་མཐུད་ཆོག་པའི་རང་བཞིན་ཆེ་རུ་གཏོང་བ། འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ། དྲ་ཐོག་དང་དྲ་ཕྱིའི་འཛད་སྤྱོད་མཉམ་འདྲེས་མགྱོགས་སུ་གཏོང་བ། མཁོ་སྤྲོད་ཕན་ཚུན་སྐུལ་འདེད་དང་ཐོན་ཚོང་མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་དགོས་ཤིང་། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་དང་བྱེད་ཐབས་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། ཚོང་འགུགས་མ་འདྲེན་གྱི་ཉིན་བརྒྱའི་འགག་སྒྲོལ་བྱ་སྤྱོད་ལག་བསྟར་བྱེད་པ།“གཉིས་འགུགས་གཉིས་འདྲེན”གྱི་ལས་དོན་གཏིང་ཟབ་སྤེལ་བ། གླིང་ཁུལ་དང་། འགག་སྒོ སྒོ་ཁྲལ་མེད་ཁུལ། མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ། ཟོག་འགྲེམས་ལྟེ་གནས་སོགས་ཀྱི་སྒོ་དབྱེའི་ལས་སྟེགས་སྟོབས་ཆེར་གཏོང་བ་བཅས་བྱས་ནས་སྒོ་དབྱེའི་གསོན་ཤུགས་སྔར་བས་ཆེ་རུ་གཏོང་དགོས། ལས་ཞུགས་དང་འབབ་འཕར་གྱི་ལས་དོན་ཡག་པོ་སྒྲུབ་དགོས་ཤིང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐབས་ལམ་མུ་མཐུད་རྒྱ་སྐྱེད་གཏོང་བ་དང་། གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལས་དོན་དང་ཡོང་འབབ་དམའ་བའི་མང་ཚོགས་ལ་རོགས་སྐྱོབ་དང་རོགས་སྐྱོར་ཡག་པོ་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་བྱ་ཐབས་ཞིབ་ཕྲ་བཟོ་བ་དང་དོན་འཁྱོལ་བྱེད་པ། རྣམ་གྲངས་གལ་ཆེན་གྱིས་ལས་ཞུགས་ལ་སྐུལ་ཁྲིད་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ནུས་པ་འདོན་པ། ལས་རིགས་རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་ཞབས་ཞུའི་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྒྱུན་མཐུད་འབབ་འཕར་བརྟན་པོ་ཡོང་བར་བྱེད་དགོས།