ཁྲེན་ཡུང་ཆིས་ཉིང་ཁྲི་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གྲོང་ཁྱེར་དང་། མེ་ཏོག་རྫོང་། སྤོ་བོ་རྫོང་དང་དེ་བཞིན་གཙོ་གནད་རྣམ་གྲངས་དང་ཐོན་ལས་རྟེན་གཞི་བཅས་སུ་ཕེབས་ཏེ། ཁྲོམ་རའི་ཚོང་དུད་ཁག་གཅིག་ལ་འཚམས་འདྲི་གནང་བ་དང་། དཔལ་འབྱོར་འཁོར་སྐྱོད་དང་། ཉིང་ཁྲིར་སྒྱུར་བཅོས་སྒོ་དབྱེ་སྔོན་ལ་ལག་བསྟར་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་གཙོ་གནད་ལས་གྲྭ་དང་རྣམ་གྲངས་ལ་གང་མགྱོགས་སྐུལ་སྤེལ་གཏོང་བ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཅས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།
ཁྲེན་ཡུང་ཆིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བཀོད་སྒྲིག་གཞིར་བཟུང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས། སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་ཐོབ་དཀའ་བའི་གོ་སྐབས་དམ་འཛིན་ཡག་པོ་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱེད་པ། ལོ་འཁོར་མོའི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོས་མངོན་འགྱུར་ཐུབ་པའི་འགན་ལེན་བྱེད་པ། དེ་དང་དུས་མཚུངས་དུས་སང་གི་དཔལ་འབྱོར་ལས་དོན་ཇུས་འགོད་ཡག་པོ་བཅས་བྱས་ནས། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རྣམ་གྲངས་འཛུགས་སྐྲུན་གཙོ་གནད་དུ་བྱས་ཏེ་དུས་ཚིགས་བཞི་པའི་གཙོ་གནད་རྣམ་གྲངས་ཀྱི་ལག་བསྟར་ཇུས་གཞི་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་ནན་པོ་བྱས་ནས། དུས་ཚོད་ཀྱི་འཕེལ་རིམ་ལྟར་ལས་དོན་སྒྲུབ་པར་སྐུལ་འདེད་ནུས་ལྡན་གཏོང་བར་འགན་ལེན་བྱེད་དགོས། རྣམ་གྲངས་ཀྱི་ཇུས་འགོད་དང་གྲབས་གསོག་ལ་ཤུགས་སྣོན་བརྒྱབ་སྟེ་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་གཏིང་ཟབ་དང་ཞིབ་ཚགས་བསྒྲུབས་ནས། གཙོ་གནད་རྣམ་གྲངས་ཀྱི་འཛུགས་སྐྲུན་བདེ་བླག་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས། ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས། ཀོ་ཤ་དང་ར་མོ་ཤག་ཆེན་སོགས་ནགས་ཁྲོད་དཔལ་འབྱོར་དང་བོད་ཕག་དང་བོད་བྱ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། བོད་སྐྱོར་ལས་སྟེགས་ཡག་པོ་སྤྱད་དེ་མ་དངུལ་གཏོང་ཚད་མང་དུ་གཏོང་བ། ཚན་རྩལ་ནུས་སྤྲོད་ལ་ཤུགས་སྣོན་རྒྱག་པ། ཐོན་ལས་འཁོར་འབྲེལ་རྒྱུན་ཆད་མེད་པར་རིང་དུ་གཏོང་བ། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་བ། ས་ཁམས་མཚོན་རྟགས་སྐྱེད་སྲིང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་པ་དང་ཆབས་ཅིག ཁེ་ཕན་གཅིག་ཏུ་སྦྲེལ་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།