ཡན་ཅིན་ཧའེ་ཡིས་འབྲེལ་གཏུག་ས་ཚིགས་ཡིན་པའི་འདམ་གཞུང་རྫོང་དུ་བརྟག་ཞིབ་གནང་བ།
ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་འབྲེལ་གཏུག་ས་ཚིགས་ཡིན་པའི་འདམ་གཞུང་རྫོང་དུ་ཕེབས་ནས་བརྟག་ཞིབ་གནང་བ་མ་ཟད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་རེད།
མང་ཚོགས་ཀྱིས་རང་རྟོགས་ངང་བདེ་ཐང་ཤེས་དཔལ་གྱི་སྲོལ་གསར་གཏོད་པ་དང་དེང་རབས་ཤེས་དཔལ་གྱི་འཚོ་བ་ཡག་པོ་སྐྱེལ་བར་སྔར་བས་སྣེ་ཁྲིད་བྱ་ཆེད། འདམ་གཞུང་རྫོང་གིས་མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱས་ནས་ཞིང་འབྲོག་པའི་སྡོད་ཁང་ལ“ཉལ་ཁང་དང་། ཚོམས་ཆེན། ཐབ་ཚང”བཅས་འཛོམས་པའི་ཁུལ་དབྱེ་སྒྱུར་བཀོད་ཀྱི་ཚོད་ལྟའི་ལས་དོན་རང་འགུལ་ངང་འཚོལ་ཞིབ་བྱས་ཏེ་སྤེལ་བ་རེད། ཀོང་ཐང་ཤང་ལ་རྒན་གྲོང་ཚོའི་གྲོང་མི་ཕུར་བུ་ཚེ་རིང་གི་སྡོད་ཁང་གསར་པར་སྐྱོད་སྐབས། ཡན་ཅིན་ཧའེ་ཡིས་ཐབ་ཚང་དང་། ཉལ་ཁང་། དཀར་ཆ་དོད་པའི་ཚོམས་ཆེན་བཅས་ལ་ཞིབ་ཚགས་གཟིགས་པ་རེད། ཕུར་བུ་ཚེ་རིང་གིས“ཐུགས་རྗེ་ཆེ་ཞུ་གི་ཡིན། ང་ཚོའི་སྡོད་ཁང་ཡག་པོ་ཡོད་ལ་འཚོ་བའང་སྐྱིད་པོ་ཡོད། ཡུལ་མི་ཚོས་ཀྱང་ཁང་པ་སྔ་ཙམ་སྒྱུར་བཀོད་བྱ་རྒྱུའི་རེ་བ་བྱེད་ཀྱི་འདུག”ཅེས་བརྗོད་བཞིན་བསྔགས་བརྗོད་ཡང་ཡང་བྱས། ཡན་ཅིན་ཧའེ་ཡིས་དགྱེས་ཚོར་ཆེན་པོས། མི་དམངས་མང་ཚོགས་བློ་ཡིད་ཚིམ་པ་བྱ་རྒྱུ་ནི་ང་ཚོའི་ལས་དོན་ལ་ཚད་འཇལ་བའི་ཚད་གཞི་མཐོ་ཤོས་དེ་ཡིན། གལ་ཏེ་མི་དམངས་མང་ཚོགས་སེམས་ཁམས་སྐྱིད་པོ་བྱུང་བ་དང་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་ཚེ་དཀའ་ཚེགས་ཇི་ཙམ་ཆེ་རུང་མཐའ་གཅིག་ཏུ་སྒྲུབ་དགོས་ཞེས་གསུངས་པ་རེད། ཁོང་གིས་གཞི་རིམ་གྱི་འགན་འཁུར་བློ་མཐུན་ལ་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱས་ནས་ལད་མོ་ཆོག་ལ་ཁྱབ་གདལ་རུང་བའི་བྱེད་ཐབས་ཆགས་པར་བྱས་ཏེ་ལྗོངས་ཡོངས་སུ་ཚོད་ལྟའི་ལས་དོན་རྒྱ་ཁྱབ་ངང་སྤེལ་དགོས་པ་དང་། དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱ་ཆེའི་མང་ཚོགས་སྒྲིག་འཛུགས་བྱས་ནས་ས་གནས་ས་ཐོག་ཏུ་ལྟ་སྐོར་བྱས་ཏེ་མང་ཚོགས་ཀྱི་དང་ལེན་བྱེད་ཚད་ཆེ་རུ་ཏན་ཏིག་གཏོང་དགོས་པ། སྐུལ་ལྕག་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། “སྔོན་བསྒྱུར་མང་གསབ་དང་རྗེས་བསྒྱུར་ཉུང་གསབ”སོགས་ཀྱི་བྱེད་ཐབས་ནུས་ལྡན་སྤྱད་དེ་མང་ཚོགས་རང་འགུལ་ངང་ཞུགས་པར་སྣེ་ཁྲིད་བྱེད་པ། སྒུག་བརྟེན་སློང་གསུམ་གྱི་བསམ་བློ་དོར་བ་བཅས་བྱས་ཏེ། རང་འགུལ་ནུས་པ་ཆེ་རུ་གཏོང་དགོས་པ་བཅས་ཀྱི་མངགས་བྱ་ཡང་ཡང་གནང་བ་རེད།
གྲོང་དཀར་གྲོང་ཚོར་ཡན་ཅིན་ཧའེ་ཡིས་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་དང་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ། གཞི་རིམ་ལས་བྱེད་པ་དང་བཞུགས་མོལ་གནང་བ་མ་ཟད། གཞི་རིམ་དུ་བཅར་འདྲི་དང་མང་ཚོགས་ཀྱི་རེ་བ་གསན་ཏེ་འཕྲད་པའི་དཀའ་ངལ་དང་གནད་དོན་དབྱེ་ཞིབ་ཐག་གཅོད་གནང་བ་རེད། ཁོང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་དང་དམངས་འཚོའི་སྤྱི་ཚོགས་བྱ་གཞག་སོགས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ནས་ཚང་མར་ཕན་པའི་བྱ་བ་དེ་བས་མང་པོ་སྒྲུབ་རྒྱུ་རེད། ཏང་གིས་མང་ཚོགས་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་དང་སྦྲེལ་ཐག་ཡིན་པའི་ཏང་གི་གཞི་རིམ་རྩ་འཛུགས་ཀྱིས་ངེས་པར་དུ་དགོངས་དོན་གྱི་ངོ་བོ་སློབ་སྦྱོང་ནན་ཏན་དང་གོ་བ་ཡག་པོ་བླངས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་དམ་འཛིན་བྱེད་པ་དང་ལས་དོན་ཁག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་སྟེ་མི་དམངས་མང་ཚོགས་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཇེ་ལེགས་སུ་འགྲོ་བར་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བ་དང་ཏང་གི་འགོ་ཁྲིད་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་བ་དང་སྲོག་རྩ་གནས་ས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཁེ་ཕན་དང་ལས་དབང་གནས་ས་ཞིག་ཡིན་པ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་དགོས། གྲོང་ཚོའི་ཏང་ཀྲི་པུས་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ནས་ཐོག་མཐའ་བར་གསུམ་དུ་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་དང་གཅིག་གྱུར་ཡོང་བར་བྱས་ཏེ། ཏང་གི་མཛད་ཕྱོགས་སྲིད་ཇུས་ལག་བསྟར་ཡག་པོ་བྱེད་དགོས། བློ་བརྟན་འགྱུར་མེད་ངང་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ།“འདུ་ཤེས་གསུམ”གྱི་སློབ་གསོ་གཏིང་ཟབ་སྤེལ་བ། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱས་ནས་དོན་ཆུང་གྲོང་ཚོས་ཐག་གཅོད་དང་། དོན་ཆེན་ཤང་ནས་ཐག་གཅོད། འགལ་བ་རང་གིས་ཐག་གཅོད་བཅས་བྱེད་དགོས། བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་དང་། ཕུན་སུམ་ཚོགས་པའི་ཐོན་ཁུངས་དང་ས་བབ་ཀྱི་ལེགས་ཆར་བརྟེན་པ། གྲོང་ཚོའི“ཨུ་ལྷན་གཉིས”དང་སྣེ་ཁྲིད་པའི་དཔེ་སྟོན་ནུས་པ་ཡག་པོ་འདོན་པ། མཉམ་ལས་རྩ་འཛུགས་གསར་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་མཐུད་སྟོབས་ཆེར་གཏོང་དགོས། བློ་བརྟན་འགྱུར་མེད་ངང་དམངས་འཚོར་ཕན་འདོགས་པ་དང་། སེམས་ནུས་དང་བརྩེ་སེམས་ཟབ་མོས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ། ཏང་གི་དམངས་ཕན་སྲིད་ཇུས་དྲིལ་བསྒྲགས་ཡག་པོ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཚོས་ཕན་པ་གང་ནས་བྱུང་བ་དང་དྲིན་ལན་སུ་ལ་འཇལ་དགོས་མིན་གསལ་པོ་ཤེས་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྲུང་སྐྱོང་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བབ་ཆགས་པའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཡག་པོ་བྱེད་པའི་རང་རྟོགས་ཀྱི་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས། བློ་བརྟན་འགྱུར་མེད་ངང་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རྩ་འཛུགས་ཀྱི་འཚོ་བ་ཚད་ལྡན་དུ་གཏོང་བ། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་ལམ་ལུགས་ལག་བསྟར་ནན་ཏན་བཅས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་སྟོབས་དང་ལྡན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་བསྐྲུན་དགོས་ཞེས་གསུངས་པ་རེད།