ཡན་ཅིན་ཧའེ་ཡིས་ཏང་ཡོན་རྒན་གྲས་དང་། འཐབ་འཛིང་པ་རྒན་གྲས། སྤྱི་བདེའི་གཞི་རིམ་དཔུང་ཁག་དང་སུའོ། སྔོན་གཤེགས་དཔའ་བོའི་ནང་མི་བཅས་ལ་འཚམས་འདྲི་གནང་བ།
འདི་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཡིན་ཞིང་། ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལྟར་ཚེས་27ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་སར་བོད་ཞི་བས་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར་སྐབས་ཀྱི་ཏང་ཡོན་རྒན་གྲས་དང་། འཐབ་འཛིང་པ་རྒན་གྲས། སྤྱི་བདེའི་གཞི་རིམ་དཔུང་ཁག་དང་སུའོ། སྤྱི་བདེའི་སྔོན་གཤེགས་དཔའ་བོའི་ནང་མི་བཅས་ལ་འཚམས་འདྲི་གནང་ནས་ཁོང་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་བརྒྱུད་བསྒྲགས་གནང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། ཧྲུའུ་ཅི་ཝང་ཅུན་ཀྲེང་བཅས་ཀྱི་ཚབ་ཞུས་ཏེ། ཁོང་ཚོར་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།
ཀྲང་ཡན་ཆིང་དང་། ཀྲང་ཧུང་པོ། ཡུས་ཡུན་ཀུའེ་བཅས་བྱེད་སྒོར་ཞུགས་ཡོད་པ་རེད།
ཏང་ཡོན་རྒན་གྲས་འཕྲིན་ལས་ནི་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ཏང་ནང་ཞུགས་པ་དང་། 1960ལོའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་གཏོང་བའི་དམག་འཐབ་ཁྲོད་རྨས་སྐྱོན་ཕོག་ནས་དབང་པོ་སྐྱོན་ཅན་དུ་གྱུར་པ་དང་བྱས་རྗེས་རིམ་པ་དང་པོ་བཞག་ནས“དོ་ཟླ་བྲལ་བའི་དཔའ་བོའི”མཚན་སྙན་ཐོབ་ཡོད། ཡན་ཅིན་ཧའེ་ཡིས་རྒན་རྒོན་དང་མཉམ་དུ་སྤྱིར་བཏང་མིན་པའི་ལོ་ཟླར་དྲན་གསོ་དང་བདེ་སྐྱིད་ཀྱི་འཚོ་བ་གླེང་ཞིང་། ཡན་ཅིན་ཧའེ་ཡིས་ད་ཆའི་བོད་ཀྱི་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དེ་དག་ནི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་སྟོན་སྣེ་ཁྲིད་འོག་ཐོབ་པ་ཞིག་ཡིན་ལ། རྒྱ་ཆེའི་ཏང་ཡོན་རྒན་གྲས་དང་བློ་མཐུན་རྒན་གྲས་ཚོའི་དཀའ་སྤྱད་འབད་འཐབ་བྱས་པ་དང་ཁ་འབྲལ་ཐབས་མེད་པ་ཞིག་ཀྱང་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པར་ང་ཚོས་ཏང་ཡོན་རྒན་གྲས་དང་བློ་མཐུན་རྒན་གྲས་ཀྱི་ཕུལ་བྱུང་གི་སྤྱོད་ཚུལ་དང་གཟི་བརྗིད་ཀྱི་སྲོལ་རྒྱུན་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་བྱེད་པ། དུས་རབས་ཀྱི་ལས་འགན་ལྕི་པོ་དེ་བས་ཡག་པོ་འཁུར་བ། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ཤུགས་རྒྱག་པ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པ་ཞིག་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
དམག་སྡེ་བཅོ་བརྒྱད་པའི་འཐབ་འཛིང་པ་རྒན་གྲས་བཀྲ་ཤིས་ཕུན་ཚོགས་ཀྱི་ཁྱིམ་དུ་ཡན་ཅིན་ཧའེ་ཡིས་རྒན་རྒོན་དང་སྙིང་གཏམ་ཤོད་རེས་བྱས་ནས་རྒན་རྒོན་གྱི་གཟུགས་པོའི་གནས་ཚུལ་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། རྒན་རྒོན་སྙིང་སྟོབས་རབ་ཏུ་འཕེལ་བ་དང་གཟུགས་པོ་བདེ་ཐང་ཡིན་པ་གཟིགས་སྐབས་ཡན་ཅིན་ཧའེ་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་རྒན་རྒོན་རྣམས་ནད་མེད་ཚེ་རིང་དང་འཚོ་བ་བདེ་སྐྱིད་ཡོང་བའི་སྨོན་འདུན་ཞུས་པ་རེད།
ཡན་ཅིན་ཧའེ་ཡིས་བོད་ཞི་བས་བཅིངས་འགྲོལ་དང་དམངས་གཙོའི་བཅོས་སྒྱུར་སྐབས་ཀྱི་ཏང་ཡོན་རྒན་གྲས་དང་འཐབ་འཛིང་པ་རྒན་གྲས་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་ཡིན་པས་ཏང་དང་མི་དམངས་ཀྱིས་ནམ་ཡང་བརྗེད་མི་སྲིད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བརྩི་བཀུར་དང་གཅེས་སྐྱོང་བྱེད་པ་དང་དངོས་གཉེར་གྱི་བྱེད་ཐབས་སྤྱད་ནས་ཁོང་ཚོའི་དངོས་ཡོད་ཀྱི་དཀའ་ངལ་དང་ཞིབ་ཕྲའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ་ཁོང་ཚོ་འཚོ་བ་བདེ་སྐྱིད་ལྡན་པ་དང་ཚེ་མཇུག་སྐྱིད་པོ་ཡོང་ཆེད་ཆ་རྐྱེན་བཟང་པོ་སྐྲུན་དགོས་ཞེས་གསུངས་པ་རེད།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་ཀརྨ་དགོན་གསར་མངགས་གཏོང་ཁང་ལ་སྤྱི་བདེ་པུས་རིམ་པ་དང་པོའི་མངགས་གཏོང་ཁང་གི་མཚན་སྙན་སྤྲད་པ་རེད། ཡན་ཅིན་ཧའེ་དེ་གར་ཕེབས་ནས་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པ་རེ་རེ་དང་ཕྱག་བཏང་གནང་བ་དང་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ་ལས་དོན་དང་འཚོ་བའི་གནས་ཚུལ་བཀའ་འདྲི་དང་མཁྱེན་རྟོགས་གནང་ཞིང་། ཁོང་གིས་སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་བཏང་ནས་ཡང་འབད་བསྐྱར་འབད་དང་། བརྩེ་བ་འཆང་བ་དང་ནུས་ཤུགས་འདོན་པ། རང་འགན་གཙང་སྒྲུབ་བཅས་ཀྱི་སྒོ་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་དུས་བདེ་སྲུང་སྐྱོང་ཡག་པོ་བྱེད་པ་དང་། མང་ཚོགས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ། དམངས་འཚོར་ཕན་པ་དང་། དམངས་སེམས་དྲོད་པ། དམངས་བློར་འབབ་པ་བཅས་ཀྱི་ཉེ་འགྲམ་གྱི་བྱ་བ་དང་ཞིབ་ཕྲའི་བྱ་བ་ཡག་པོ་སྒྲུབ་པ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཡན་ཅིན་ཧའེ་ཡིས་ད་དུང་གཞུང་དོན་དུ་སྐུ་གཤེགས་པའི་སྤྱི་བདེའི་སྔོན་གཤེགས་དཔའ་བོ་སྐལ་བཟང་གི་ནང་མིར་འཚམས་འདྲི་གནང་ཞིང་། ཡན་ཅིན་ཧའེ་ཡིས་སྤྱི་བདེའི་སྔོན་གཤེགས་དཔའ་བོས་སྤྱི་ཚོགས་བརྟན་ལྷིང་དང་མི་དམངས་ཀྱི་བདེ་སྐྱིད་ཆེད་རྩ་ཆེའི་ཚེ་སྲོག་སྐྱེས་སུ་ཕུལ་བ་ང་ཚོས་ནམ་ཡང་བརྗེད་མི་སྲིད། སྔོན་གཤེགས་དཔའ་བོའི་ནང་མིར་དོ་ཁུར་གནང་སྟེ་ཁོང་ཚོ་བདེ་སྐྱིད་ཀྱི་འཚོ་བ་སྐྱེལ་ཐུབ་པ་བྱེད་པ་ནི་ང་ཚོའི་དོར་ཐབས་མེད་པའི་འགན་འཁྲི་རེད། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ངེས་པར་དུ་སྔོན་གཤེགས་དཔའ་བོའི་ནང་མིར་སེམས་ཁུར་དང་གཅེས་སྐྱོང་བྱས་ནས་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་རོགས་བྱས་ཏེ་ཁོང་ཚོའི་འཚོ་བ་ཉིན་རེ་ལས་ཉིན་རེ་མ་འདས་པར་ཇེ་ལེགས་སུ་འགྲོ་བར་བྱེད་དགོས་ཞེས་གསུངས་པ་རེད།