ཁྲེན་ཡུང་ཆིས་བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་དང་ལྷ་ས་འགག་སྒོ་ལས་ཁུངས་སུ་བརྟག་ཞིབ་གནང་བ།
ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་མཚམས་ཏེ་ཟླ་9ཚེས་27ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་དང་ལྷ་ས་འགག་སྒོ་ལས་ཁུངས་སུ་ཕེབས་ཏེ་མཐའ་མཚམས་སྟོབས་ལྡན་དང་མཐའ་སྲུང་སྲ་བརྟན་དང་། འགག་སྒོ་འཕེལ་རྒྱས་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་འབྲེལ་ཡོད་ལས་དོན་སྙན་སེང་གསན་པ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་བཅས་ཀྱི་ཚབ་ཞུས་ནས། གཞི་རིམ་གྱི་འཐབ་ས་དང་པོའི་ཉེན་རྟོག་པ་དང་འགག་སྒོའི་ལས་དོན་པར་འཚམས་འདྲི་ཡང་ཞུས་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ཧུང་པོ་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ།
ཁྲེན་ཡུང་ཆིས་བོད་ལྗོངས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་སུ་ནན་བཤད་གནང་དོན། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོར་བཙུགས་ནས་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་འགན་ལེན་བྱེད་དགོས། ལག་རྩལ་གསར་པ་དང་བྱེད་ཐབས་གསར་པ་བེད་སྤྱོད་གང་ལེགས་བྱས་ནས་དྲ་རྒྱ་ཅན་དང་། གྲངས་འཛིན་ཅན། རིག་ནུས་ཅན་བཅས་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་མཐའ་མཚམས་ཀྱི་ཕྱོགས་ཡོངས་སྔོན་འགོག་ཚོད་འཛིན་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། མཐའ་མཚམས་བཅོས་སྐྱོང་ལ་ཞབས་ཞུ་དང་ཕྱི་ཕྱོགས་སྒོ་དབྱེ་ལ་སྐུལ་འདེད་གཏོང་དགོས།
ཁྲེན་ཡུང་ཆིས་ལྷ་ས་འགག་སྒོ་ལག་རྩལ་ལྟེ་གནས་ཀྱི་ཚོད་ལྟ་ཁང་དང་འགག་སྒོའི་ལོ་རྒྱུས་ཁང་ལ་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། འགག་སྒོ་ལས་ཁུངས་ནི་རྒྱལ་སྒོའི་སྲུང་དམག་ལྟ་བུ་ཡིན་པའི་ཆ་ནས། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་དང་སྒོ་དབྱེ་དང་བདེ་འཇགས་སྲུང་སྐྱོང་བྱེད་པའི“མདུན་ཕྱོགས་སོ་པ”རེད། དེར་བརྟེན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུང་ཆི་ལ་ཧྥུའུ་འགག་སྒོའི་ལས་དོན་པ་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་གལ་ཆེན་བཅས་རྒྱུན་མཐུད་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་མཚམས་སྲུང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་སྒོ་ལས་ཁུངས་ཀྱི་འགན་འཁྲི་དང་ལས་འགན་ཡག་པོ་སྒྲུབ་དགོས། བྱེད་ལས་ཀྱི་ངེས་གནས་ལ་གཞི་བཙུགས་ནས་བསྡུར་གཞི་ཡོད་པའི་ལེགས་ཆ་འདོན་སྤེལ་དང་། ཐབས་སྒྱུར་གོང་འཕེལ་མཐའ་འཁྱོངས། འགག་སྒོའི་བཀོད་པ་ལེགས་གཏོང་བཅས་བྱས་ཏེ་འགག་སྒོ་འཛུལ་སྒྲོལ་སྟབས་བདེ་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་ཆབས་ཅིག འཕེལ་སྒྱུར་དང་ཚོང་དོན་སོགས་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བོད་ཀྱི་ཁྱད་ལྡན་ཐོན་རྫས་དྲིལ་བསྒྲགས་འོས་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས། བོད་ཀྱི་ཕྱི་ཕྱོགས་ཉོ་ཚོང་ལས་དོན་ཟམ་མི་ཆད་པར་སྐས་རིམ་གསར་པར་བསླེབ་པར་མཉམ་དུ་སྐུལ་འདེད་བཏང་སྟེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།