《སྤྱི་སྐད་བརྗོད་པ་ཆིག་སྟོང་མ》འགྲེམས་བསྒྲགས་ཚོགས་འདུ་དང་གཟིགས་འབུལ་མཛད་སྒོ་ལྷ་སར་འཚོགས་པ།
ཟླ་9ཚེས་20ཉིན་གྱི་སྔ་དྲོར། 《སྤྱི་སྐད་བརྗོད་པ་ཆིག་སྟོང་མ》རྒྱ་བོད་ཤན་སྦྱར་གྱི་དེབ་གསར་འགྲེམས་བསྒྲགས་ཚོགས་འདུ་དང་གཟིགས་འབུལ་མཛད་སྒོ་ལྷ་སར་འཚོགས་པ་རེད།
རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་མཛད་སྒོར་ཞུགས་པ་མ་ཟད་ཚོགས་ཞུགས་འཐུས་མིར་དེབ་གསར་གཟིགས་འབུལ་ཡང་གནང་བ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། རང་སྐྱོང་ལྗོངས་བོད་སྐད་ཡིག་ལས་དོན་ཨུ་ལྷན་གཞུང་དོན་ཁང(རྩོམ་སྒྱུར་ཅུས)གིས“རྒྱལ་ཡོངས་ཀྱི་སྤྱི་སྐད་ཁྱབ་གདལ་གཏོང་བའི་དྲིལ་བསྒྲགས་གཟའ་འཁོར་སྐབས་27པ”གོ་སྐབས་སུ་བྱས་ཏེ《སྤྱི་སྐད་བརྗོད་པ་ཆིག་སྟོང་མ》ཡིག་སྒྱུར་དཔེ་སྐྲུན་བྱས་པའི་དམིགས་ཡུལ་ནི། རྒྱལ་ཁབ་སྟོབས་ཆེན་གྱི་སྐད་བརྡའི་རྨང་གཞི་བརྟན་དུ་གཏོང་བ་དང་མི་རིགས་མི་འདྲ་བའི་དབར་འབྲེལ་གཏུག་སྤེལ་རེས་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། མཐུན་སྒྲིལ་མཛའ་གྲོགས་བཅས་ལ་སྐུལ་འདེད་གཏོང་བ། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད་རེད། དེབ་དེའི་ནང་སློབ་གསོ་པུའི་སྐད་ཡིག་དཔེ་སྐྲུན་ཁང་གིས་རྩོམ་སྒྲིག་དཔེ་སྐྲུན་བྱས་པའི《སྤྱི་སྐད་བརྗོད་པ་ཆིག་སྟོང་མ》མ་གཞིར་བྱས་ཏེ་འཚོ་བ་དང་། སློབ་སྦྱོང་། ལས་དོན་བཅས་ཀྱི་རྒྱུན་མཐོང་གནས་ཚུལ་ལ་དམིགས་པ་དང་། རྒྱུན་སྤྱོད་རྒྱ་ཡིག་དང་སྤྱོད་མང་བའི་ཐ་སྙད་རྨང་གཞིར་བྱས་ཏེ་བོད་ཡིག་ཐོག་ནས་ཀློག་སྟངས་འགོད་པ་བརྒྱུད་རྒྱ་སྐད་ཀྱི་སྒྲ་སྦྱོར་དང་། རྒྱ་ཡིག་འབྲི་སྟངས། དེ་བཞིན་བོད་ཀྱི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དང་འབྲེལ་བ་ཡོད་པའི་རྒྱུན་སྤྱོད་ཐ་སྙད་དང་ཚིག་ཐུང་136ཁ་གསབ་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱིས་དེ་བས་ལེགས་པའི་སྒོ་ནས་སྤྱི་སྐད་ཤེས་པ་དང་། ཁོང་དུ་ཆུད་པ། བེད་སྤྱོད་ཐུབ་པ་བཅས་བྱས་པ་རེད།