ཧྥུའུ་ཅན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་རྟོག་ཞིབ་དང་འབྲེལ་མཐུད་གནང་བ།
ཝང་ཅུན་ཀྲེང་དང་ཀྲོའུ་ཙུའུ་དབྱི་ཞུགས་པ།
ཟླ་9ཚེས་13དང་14ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཧྥུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀྲོའུ་ཙུའུ་དབྱི་ཡིས་ཧྥུའུ་ཅན་དང་བོད་ལྗོངས་དབར་མཉམ་ལས་ཟབ་ཏུ་གཏོང་བར་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་གནང་ཡུལ་ཡིན་པ།
འདི་ནི་ཝང་ཅུན་ཀྲེང་དང་ཀྲོའུ་ཙུའུ་དབྱི་ཡིས་ཆབ་མདོ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་དུ“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བཞིན་པ།
ཚེས་13དང་14ཉིན། ཧྥུའུ་ཅན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་དུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་རྟོག་ཞིབ་དང་འབྲེལ་མཐུད་གནང་ཞིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཧྥུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀྲོའུ་ཙུའུ་དབྱི་ཡིས་ཧྥུའུ་ཅན་དང་བོད་ལྗོངས་དབར་གྱི་མཉམ་ལས་ཟབ་ཏུ་གཏོང་བར་བཞུགས་མོལ་གནང་ནས་ཁ་གཏད་བོད་སྐྱོར་ལས་དོན་སྔར་བས་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་བཏང་བ་རེད།
བཞུགས་མོལ་གནང་སྐབས་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཧྥུའུ་ཅན་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་འབྲེལ། ཧྥུའུ་ཅན་ཞིང་ཆེན་གྱིས་དུས་ཡུན་རིང་པོར་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས། ཧྥུའུ་ཅན་ནི་སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་འཁྲུངས་སའི་གནས་དང་ལག་ལེན་གྱི་གནས་གལ་ཆེན་ཞིག་ཡིན་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་སྤྱི་ཡོངས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད་ལ་ནུས་པའང་འབུར་དུ་ཐོན་ཡོད། ཧྥུའུ་ཅན་གྱིས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་ཕྱག་ལས་གནང་རིང་བཏོད་པའི་འདུ་ཤེས་གལ་ཆེན་དང་ལག་ལེན་གལ་ཆེན་རྒྱུན་འཛིན་ཤུགས་ཆེན་བྱས་ནས། མིག་སྔར་གསོན་ཤུགས་ལྡན་པ་དང་འབྱུང་འགྱུར་གྱི་མི་མངོན་པའི་སྟོབས་ཤུགས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་བརྟེན་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཀྱིས་མི་རྣམས་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད། ད་ལོ་ནི་རྒྱལ་ཡོངས་ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་30འཁོར་བའི་ལོ་ཞིག་ཡིན་པས་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་པོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཞི་པའི་དགོངས་དོན་མཉམ་དུ་སློབ་སྦྱོང་དང་ལག་ལེན་བསྟར་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཟབ་ཏུ་གཏོང་བ། ཕྱོགས་གཉིས་པོའི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་རིག་གནས་ཀྱི་ཁྱིམ་གཞིས་སྐྲུན་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། སློབ་གསོ་དང་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་བྱེད་རྒྱ་ཆེ་རུ་གཏོང་བ། དམངས་འཚོ་ལེགས་སུ་ཧུར་ཐག་གཏོང་བ། བོད་ཀྱིས་མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་། མི་སེམས་གཅིག་སྒྲིལ། ཤེས་ལྡན་པ་གསོ་སྐྱོང་བཅས་ཀྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པར་རམ་འདེགས་བཅས་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཆེན་པོ་དང་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་ལྷག་ཏུ་ཚོར་བར་བྱེད་པ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ལས་འགན་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་དང་། ཐོན་ལས་ལ་བརྟེན་ནས་བོད་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། གསར་དར་ཐོན་ལས་སྐྱེད་སྲིང་ཧུར་ཐག་བྱེད་པ། མང་ཚོགས་ཀྱི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་བ་བཅས་བྱས་ཏེ་བོད་ཀྱི་ཐོན་ཁུངས་ལེགས་ཆ་དེ་བས་ལེགས་པའི་སྒོ་ནས་དཔལ་འབྱོར་དང་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
ཀྲོའུ་ཙུའུ་དབྱི་ཡིས། ཉེ་བའི་ལོ་ཤས་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་སྟེ་དཔྱིད་ཀྱི་དཔལ་ཡོན་བཞད་པ་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད། ཧྥུའུ་ཅན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་ཁ་གཏད་བོད་སྐྱོར་བྱ་རྒྱུ་དེ་དོར་ཐབས་མེད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་འཛིན་པ། ས་མཐོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་འདེགས་སྐྱོར་འགན་ལེན་ཞིག་ཏུ་བརྩི་བ་བཅས་བྱས་ནས་བོད་སྐྱོར་ལས་དོན་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་སྐུལ་འདེད་བཏང་ཡོད། ད་ལོ་ནི་རྒྱལ་ཡོངས་ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་30འཁོར་བའི་ལོ་ཞིག་ཡིན་པས། ཧྥུའུ་ཅན་གྱིས་དེ་ཉིད་འགོ་འཛུགས་ས་གསར་པར་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཞི་པའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་ཕྱག་ལས་གནང་རིང་བཏོད་པའི་འདུ་ཤེས་གལ་ཆེན་དང་ལག་ལེན་གལ་ཆེན་རྒྱུན་འཛིན་དང་དར་སྤེལ་གཏོང་བ། ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ། ཏང་ཀྲུང་དབྱང་གིས་ང་ཚོར་དཀྲིས་པའི་ལས་འགན་དོན་འཁྱོལ་ཡག་པོ་བཅས་བྱས་ནས། བོད་དང་མཉམ་དུ་དུས་རབས་གསར་པའི་ཁ་གཏད་བོད་སྐྱོར་ལས་དོན་དང་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་གི་ཡིན། ལས་དོན་སྔར་བས་དོན་འཁྱོལ་ཞིབ་ཚགས་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”བོད་སྐྱོར་འཆར་འགོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། དམངས་འཚོ་འགན་ལེན་ལ་རམ་འདེགས་དང་། ཐོན་ལས་འཕེལ་རྒྱས་ལ་དམིགས་པ། རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཚད་ཟབ་ཏུ་གཏོང་བ། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ཤུགས་སྣོན་བརྒྱབ་སྟེ་ཧྥུའུ་ཅན་བོད་སྐྱོར་གྱི“གསེར་གྱི་མིང་བྱང”དེ་བས་བཀྲག་མདངས་འཚེར་བ་བྱེད་ཀྱི་ཡིན། ལམ་སྲོལ་གྱི་འགན་སྲུང་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། དུས་རབས་གསར་པའི་ཁ་གཏད་བོད་སྐྱོར་ལས་དོན་གྱི་བླང་བྱ་དང་ཧུར་ཐག་འཚམ་པར་བྱེད་པ། འབྲེལ་གཏུག་མཐུན་སྦྱོར་དང་། ཐོན་ལས་མཉམ་ལས། ལས་བྱེད་པ་འདེམས་གཏོང་། རྣམ་གྲངས་དོ་དམ་སོགས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། “རོགས་སྐྱོར་བྱེད་མཁན་དང་བྱ་ཡུལ་མཉམ་འགུལ་དང་། སྔ་རྗེས་མཉམ་འགུལ། ཕྱོགས་མང་རང་འགུལ”བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པར་བྱས་ཏེ་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཆེད་ལེགས་སྐྱེས་གསར་པ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།
ཆབ་མདོར་རྟོག་ཞིབ་གནང་རིང་། ཝང་ཅུན་ཀྲེང་དང་ཀྲོའུ་ཙུའུ་དབྱི་དཔའ་ཤོད་རྫོང་ཡིད་ཆེན་ཤང་སོ་སྣར་གྲོང་ཚོ་དང་། ཧྥུའུ་ཅན་གྱི་བོད་སྐྱོར་འགྲེམས་སྟོན་ལྟེ་གནས། བྱམས་པ་གླིང་དགོན། ཆབ་མདོ་གྲོང་ཁྱེར་མ་བུ་བདེ་སྲུང་སྨན་ཁང་། ཁ་རུབ་ཆུས་དམའ་རིམ་སློབ་འབྲིང་གཉིས་པ་བཅས་སུ་ཕེབས་ཏེ་གྲོང་གསེབ་དར་རྒྱས་དང་། ཐོན་ལས་བོད་སྐྱོར། དགོན་སྡེའི་རིག་དངོས་སྲུང་སྐྱོང་། དེ་བཞིན་སྨན་བཅོས་དང་སློབ་གསོ་སོགས“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ཧྥུའུ་ཅན་གྱི་བོད་སྐྱོར་ལས་བྱེད་པར་འཚམས་འདྲི་ཡང་གནང་ནས། རྒྱ་ཆེའི་བོད་སྐྱོར་ལས་བྱེད་པས་ཏང་དང་། རྒྱལ་ཁབ། མི་དམངས་བཅས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ཐོག་ནས་རང་འགན་གཙང་སྒྲུབ་དང་ལས་དོན་ཧུར་ཐག་སྒྲུབ་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་མང་ཚོགས་ཀྱིས་མིག་མཐོང་ལག་ཟིན་ཐུབ་པའི་དམངས་ཕྱུག་ཐོན་ལས་ཁག་གཅིག་འཕེལ་རྒྱས་གཏོང་བ་དང་། མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་རམ་འདེགས་བྱེད་པ། ལུས་ཚུགས་ཐུབ་པ་དང་སེམས་གནས་ཐུབ་པ་བཅས་བྱས་ཏེ་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་མ་ཟད། ཚང་མས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་མུ་མཐུད་དར་སྤེལ་བཏང་སྟེ“དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་ནུས་ཤུགས་གང་ཡོད་འདོན་པ་དང་རང་ཉིད་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ་བོད་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཆེད་འབད་འཐབ་ལྷོད་མེད་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།