ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་བཏང་སྟེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒྲིག་ཁྲིམས་ཀྱི་འགན་ལེན་བརྟན་པོ་བྱེད་དགོས།
ཚེས་12ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་གནང་བ་དང་། རང་ལྗོངས་ཀྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་ཚུལ་དང་ཕྱོགས་སྡོམ་སྙན་སེང་གསན་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།
ཝང་ཅུན་ཀྲེང་གིས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བཏོན་གནང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་རེད། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བྱེད་པ་དང་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་ལ་ཤུགས་སྣོན་བརྒྱབ་པས། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགན་ལེན་དང་སྐུལ་འདེད་ནུས་ལྡན་ཐེབས་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་མ་ཟད། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། ཏང་གི་སྒྲིག་ཁྲིམས་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་སྐུལ་འདེད་བཏང་སྟེ་བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་སྒྲིག་ཁྲིམས་ཀྱི་འགན་སྲུང་བྱེད་དགོས། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་ནས། ཀྲུང་དབྱང་གི་ཏང་འཛུགས་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་དང་། ཏང་གི་རང་ངོས་གསར་བརྗེས་སྤྱི་ཚོགས་ཀྱི་གསར་བརྗེར་ཁྲིད་སྟོན་བྱེད་པའི་ཚད་མཐོའི་རང་རྟོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས། རྒྱུན་རྣམ་དང་ཕུགས་ཕན་གྱི་སྒོ་ནས་ཏང་གི་སྒྲིག་ཁྲིམས་སློབ་གསོ་སྤེལ་བ་བཅས་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་བརྟན་དུ་བཏང་སྟེ་རྒྱུན་ལྡན་རང་བཞིན་དང་གཅིག་སྡུད་རང་བཞིན་ཕན་ཚུན་ཟུང་འབྲེལ་གྱི་སྒྲིག་ཁྲིམས་སློབ་གསོའི་ལམ་སྲོལ་འཛུགས་པ་དང་ཏང་གིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། ཕྱོགས་ཡོངས་ལ་ཁྱབ་པ། དབང་གྲགས་ཕན་ཆེ་བཅས་ཀྱི་ལྟ་སྐུལ་མ་ལག་བརྟན་དུ་བཏང་ནས་སྒྲིག་ཁྲིམས་ཀྱི་གཅུན་འདོམས་དང་། འགན་སྲུང་། སྐུལ་ལྕག་བཅས་ཀྱི་ནུས་པ་ཕྱོགས་བསྡུས་ངང་འདོན་དགོས། སྒྲིག་ཁྲིམས་སློབ་གསོ་དེ་ཏང་ཡོན་དང་ལས་བྱེད་པའི་རྒྱུན་ལྡན་གྱི་སློབ་གསོ་དང་། དོ་དམ། ལྟ་སྐུལ་བཅས་དང་མཉམ་འདྲེས་ཡོང་བར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། རྟག་ཏུ་བསམ་བློ་གཏོང་བ་དང་བསམ་གཞིག་བྱེད་པ། ཡིད་ཆེས་བརྟན་པོ་དང་ལག་ལེན་གཏིང་ཟབ་བསྟར་བ་བཅས་ཀྱི་ཐད་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པའི་སྒུལ་ཤུགས་ཆེན་པོར་སྒྱུར་དགོས། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་མཉམ་འཛིན་མཐའ་འཁྱོངས་ཀྱིས“སྤྱོད་ཚུལ་བཞི”རྒྱུན་མཐུད་ཡོ་བཅོས་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་རྒྱ་སྐྱེད་དང་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། གཞི་རིམ་གྱི་ལས་བྱེད་པར་དོན་འཁྱོལ་ལ་དམ་འཛིན་དང་བྱ་བ་དངོས་སྒྲུབ་པའི་དུས་ཚོད་དང་སེམས་ནུས་དེ་བས་མང་བ་ཡོད་པ་བྱེད་པ། ཐོག་མཐའ་བར་གསུམ་དུ་རུལ་རྒོལ་གྱི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱེད་པ། ནུས་ཤུགས་ཡོད་རྒུས་རུལ་སུངས་ཐོན་རྐྱེན་མེད་པར་བཟོ་བ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རུལ་འགོག་འགྱུར་ཟོན་གྱི་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བར་ཁྲིད་སྟོན་བཅས་བྱས་ཏེ། ནན་པའི་རྩ་བའི་དགོངས་གཞིར་བརྟེན་ནས་སྤྱོད་བཟང་སྒྲིག་ནན་གྱིས་རུལ་རྒོལ་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་དགོས། དོ་དམ་ནན་པོ་དང་གཅེས་སྐྱོང་ཟབ་མོ་ཟུང་འབྲེལ་དང་སྐུལ་ལྕག་དང་གཅུན་འདོམས་གལ་ཆེ་མཉམ་དུ་འཛིན་པ་མཐའ་འཁྱོངས་ཀྱིས་སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་དུ་འཇོག་པ་མཐའ་འཁྱོངས་དང་། རིམ་ཁག་ཏང་ཡོན་ལས་བྱེད་པས་སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་བརྟན་པོར་འཛུགས་པར་ཁྲིད་སྟོན། ལས་བྱེད་པས་ཐེག་པ་འཁུར་ལེན་བྱ་རྒྱུར་སྐུལ་ལྕག་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལྟ་སྐུལ་སྒྲིག་སྒྱུར་གྱི“རྣམ་པ་བཞི”གནད་སྨིན་ངང་སྤྱོད་པ། སྒྲིག་སྒྱུར་གནད་སྨིན་དང་ཚད་ལྡན་དུ་བཏང་ནས་ལས་བྱེད་པས་ལས་སྒྲུབ་ལས་གཏོད་དང་འགན་འཁུར་ཕོད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་དཔྱད་ཐེག་ཐུབ་པའི་བྱས་རྗེས་དངོས་ཧུར་ཐག་འཇོག་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་སྒྲིག་ཁྲིམས་སློབ་གསོའི་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་སྒྲིག་ཁྲིམས་སློབ་གསོར་སྐུལ་འདེད་གཏོང་བ་དེ་ལྟ་སྐུལ་ཞིབ་བཤེར་དང་སྐོར་གཟིགས་སྐོར་ཞིབ་ནང་བཅུག་སྟེ། རིམ་པ་བཞིན་གནོན་ཤུགས་སྤྲོད་པ་དང་རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྒྲིག་ཁྲིམས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྒྲིག་ཁྲིམས་ཀྱི་དབང་གྲགས་རང་བཞིན་དང་གཟབ་ནན་རང་བཞིན་སྲུང་སྐྱོང་ཏན་ཏིག་བྱེད་དགོས། རིམ་ཁག་ཏང་ཡོན་འགོ་ཁྲིད་ལས་བྱེད་པས“འགག་རྩའི་ཉུང་ཤས”ཀྱི་ནུས་པ་བཏོན་ནས་ཏང་གི་སྒྲིག་ཡིག་དང་། ཏང་ལུགས། ཏང་གི་སྒྲིག་ཁྲིམས་བཅས་སྲུང་བར་མིག་དཔེ་འདོན་པ་དང་ཏང་གི་སྒྲིག་ཁྲིམས་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་མཁན་དང་ལག་བསྟར་བྱེད་མཁན་གྱི་དཔེ་བཟང་བ་ཞིག་བྱ་རྒྱུར་སྣེ་ཁྲིད་བྱེད་དགོས།