ཡན་ཅིན་ཧའེ་ཡིས་སློབ་གསོའི་ལས་དོན་ལ་བརྟག་ཞིབ་དང་དགེ་རྒན་ལ་འཚམས་འདྲི་གནང་བ།
ཟླ་9ཚེས་10ཉིན་ནི་རང་རྒྱལ་གྱི་དགེ་རྒན་དུས་ཆེན་ཐེངས་བཞི་བཅུ་པ་ཡིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་ས་ནག་ཆུའི་མཐོ་རིམ་སློབ་འབྲིང་གཉིས་པ་དང་ལྷ་ས་གྲོང་ཁྱེར་དམིགས་བསལ་སློབ་གསོའི་སློབ་གྲྭར་བརྟག་ཞིབ་གནང་སྟེ་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། དེ་བཞིན་ཧྲུའུ་ཅི་ཝང་ཅུན་ཀྲེང་བཅས་ཀྱི་ཚབ་ཞུས་ནས་འཐབ་ཕྱོགས་དང་པོའི་དགེ་རྒན་དང་ལས་བཟོར་འཚམས་འདྲི་གནང་བ་མ་ཟད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་པ་རེད།
ལྕགས་རྭ་བློ་བཟང་བསྟན་འཛིན་བྱེད་སྒོར་ཞུགས་ཡོད་པ་རེད།
“བཀྲ་ཤིས་བདེ་ལེགས། ཚང་མ་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་འདུན་ཞུ”ལྷ་ས་ནག་ཆུའི་མཐོ་རིམ་སློབ་འབྲིང་གཉིས་པར་ཡན་ཅིན་ཧའེ་ཡིས་དགེ་རྒན་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་དུས་ཆེན་གྱི་སྨོན་འདུན་ཞུས་ཤིང་། ཁོང་གིས་ནན་བཤད་གནང་དོན། སློབ་གསོ་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྨང་གཞི་ཡིན། འཚོགས་མ་ཐག་པའི་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་ལས་འགན་དང་བྱེད་ཐབས་གལ་ཆེན་བཀོད་སྒྲིག་ཞིབ་ཚགས་གནང་ཡོད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་ཚོས་སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་ལ་དམིགས་པ། ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་དཔྱོད། ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་ལ་དམིགས་པ། “མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། གསོ་སྐྱོང་ཇི་ལྟར་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”བཅས་ཀྱི་རྩ་བའི་གནད་དོན་ལ་དམིགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་མཐའ་འཁྱོངས་བྱེད་པ། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། ཀུན་སྤྱོད་ལེགས་སྒྱུར་དང་བློ་རྩེ་གཅིག་སྒྲིམ་གྱིས་སློབ་གསོ་གཉེར་བ་བཅས་བྱས་ཏེ། སློབ་མའི་གཤིས་རྒྱུད་སྦྱོང་བརྡར་དང་། ཤེས་བྱ་སློབ་སྦྱོང་། བསམ་གཞིག་གསར་གཏོད། མེས་རྒྱལ་ལ་ལེགས་སྐྱེས་འབུལ་བ་བཅས་ཀྱི་ལམ་སྟོན་པ་ཡག་པོ་ཞིག་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས་དུས་རབས་གསར་པའི་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་མཐོང་ཆེན། དགེ་རྒན་གྱི་ཁེ་དབང་དེ་བས་ལེགས་པའི་སྒོ་ནས་འགན་ལེན། བརྩེ་སེམས་ཟབ་མོས་དགེ་རྒན་དང་ལྷག་པར་དུ་བོད་སྐྱོར་དགེ་རྒན་ལ་གཅེས་སྐྱོང་། དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་རྒྱ་ཆེའི་དགེ་རྒན་ཚོས་ལས་གནས་ཐོག་སྤྲོ་སྣང་ཚོར་ཐུབ་པ་དང་། བྱ་གཞག་ཐད་གྲུབ་འབྲས་ཚོར་ཐུབ་པ། སྤྱི་ཚོགས་ཐོག་གཟི་བརྗིད་ཚོར་ཐུབ་པ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད། ཡན་ཅིན་ཧའེ་ཡིས་ད་དུང་སློབ་མའི་ཉལ་ཁང་དུ་ཕེབས་ཏེ་ཞག་སྡོད་ལམ་ལུགས་ཀྱི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་བ་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ནས། སློབ་གྲྭའི་དྲོད་རླངས་མཁོ་འདོན་སོགས་ཀྱི་ལས་དོན་ཞིབ་ཕྲ་ནས་འགོ་བཙུགས་ཏེ་སློབ་མའི་ཞབས་ཞུ་འགན་ལེན་གྱི་ལས་དོན་ཏན་ཏིག་སྒྲུབ་པ་དང་སློབ་གྲྭའི་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་བསྲུངས་ནས་མི་སྐྱོང་གི་ཁོར་ཡུག་བཟང་པོ་གཏོད་དགོས།
ཡན་ཅིན་ཧའེ་ཡིས་དམིགས་བསལ་སློབ་གསོས་དབང་སྐྱོན་ཕྲུ་གུའི་སློབ་གསོ་དང་ལེན་གྱི་དབང་ཆ་འགན་སྲུང་ཐུབ་ནས་འཚར་ལོངས་ཀྱི་ལམ་བུར་ཁོང་ཚོ་རྗེས་སུ་མི་ལུས་པ་དང་གཅིག་ཀྱང་མི་ལུས་པ་བྱས་ཡོད། དམིགས་བསལ་སློབ་གསོའི་ལས་དོན་པས་དམིགས་བསལ་དང་། གལ་འགངས་ཆེ་བ། གཟི་བརྗིད་ལྡན་པ་བཅས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར་ནས་དྲོ་སྐྱིད་སློབ་གསོ་དང་། བརྩེ་སེམས་སློབ་གསོ། གཅེས་སེམས་སློབ་གསོ། བདེ་སྐྱིད་སློབ་གསོ་བཅས་མཐའ་འཁྱོངས་ཀྱིས་སློབ་མའི་དགོས་མཁོར་གཞིགས་ཏེ་སློབ་ཁྲིད་དང་འཚར་ལོངས་ཡོང་བར་བྱེད་དགོས་ལ། ཁོང་ཚོའི་རང་བཀུར་རང་ཆེས་དང་རང་ཚུགས་རང་དར་གྱི་སྙིང་སྟོབས་སྐྱེད་སྲིང་བྱས་ནས་ཁོང་ཚོར་ཚེ་སྲོག་གི་འོད་སྣང་སྟེར་བ་དང་ཕུགས་བསམ་དོན་གཉེར་གྱི་གཤོག་ཟུང་བསྒར་ནས་ཕྲུ་གུ་གཞན་དང་འདྲ་བར་ཉི་འོད་འོག་བདེ་ཐང་དང་། སྤྲོ་སྣང་། བདེ་སྐྱིད་བཅས་ལྡན་པའི་སྒོ་ནས་འཚར་ལོངས་ཡོང་བར་བྱེད་དགོས་པ་མ་ཟད། དམིགས་བསལ་སློབ་གསོ་དེ་བས་ལེགས་པའི་སྒོ་ནས་ཁྱབ་གདལ་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་ཉམས་ཞན་ཚོགས་སྤྱིར་སློབ་གསོའི་དྲང་གཞག་དེ་བས་མངོན་འགྱུར་ཡོང་བར་རོགས་སྐྱོར་བྱེད་དགོས་པའི་ནན་བཤད་གནང་བ་རེད།