དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • ཝང་ཅུན་ཀྲེང་གིས་བོད་ལྗོངས་སློབ་ཆེན་དུ་བརྟག་ཞིབ་གནང་བ་དང་འབྲེལ་དགེ་རྒན་གྱི་འཐུས་མིར་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-09-11

    དགེ་རྒན་དུས་ཆེན་ཐེངས་བཞི་བཅུ་པའི་སྐབས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་ལྗོངས་སློབ་ཆེན་དུ་བརྟག་ཞིབ་གནང་བ་དང་འབྲེལ་དགེ་རྒན་གྱི་འཐུས་མིར་འཚམས་འདྲི་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ཆ་འཕྲིན་ཚན་རིག་ལག་རྩལ་སློབ་གླིང་དུ་ཕེབས་ནས། བོད་ཡིག་ཆ་འཕྲིན་མ་ལག་གི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་དེ་བཞིན་འདུ་འགོད་ཅན་གྱི་བེད་སྤྱོད་དང་ཆེད་ལས་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

    དགེ་རྒན་དུས་ཆེན་ཐེངས་བཞི་བཅུ་པའི་སྐབས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་ལྗོངས་སློབ་ཆེན་དུ་བརྟག་ཞིབ་གནང་བ་དང་འབྲེལ་དགེ་རྒན་གྱི་འཐུས་མིར་འཚམས་འདྲི་གནང་ནས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ཏེ་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད། ཁོང་གིས་སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་བོད་ཀྱི་སློབ་གསོའི་ལས་དོན་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་དང་། རྒྱལ་ཡོངས་ཀྱི་སློབ་གསོའི་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར། ཀུན་སྤྱོད་མི་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ། སློབ་གསོའི་ལས་ཀའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཆེད་ཕུལ་བྱུང་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    བོད་ལྗོངས་སློབ་ཆེན་ནི་ཀྲུང་གོ་གསར་པས་གངས་ལྗོངས་ས་མཐོར་བཙུགས་པའི་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་དང་པོ་དེ་ཡིན་ཞིང་། ལོ་མང་རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བར་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཝང་ཅུན་ཀྲེང་གིས་ཆ་འཕྲིན་ཚན་རིག་ལག་རྩལ་སློབ་གླིང་དུ་ཕེབས་ཏེ་བོད་ཡིག་གི་ཆ་འཕྲིན་མ་ལག་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་། འདུ་འགོད་ཅན་གྱི་བེད་སྤྱོད། ཆེད་ལས་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་དང་། སློབ་གླིང་དེར་ཉེ་དུས་རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་མཁྱེན་རྗེས་ཝང་ཅུན་ཀྲེང་གིས་བསྔགས་བརྗོད་གནང་བ་དང་། ཁོང་གིས་ཚན་རྩལ་གསར་གཏོད་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཐོག་མའི་གསར་གཏོད་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་རྒྱག་པ་དང་། གསར་གཏོད་རྟེན་གཞིའི་ནུས་པ་འདོན་པ། རིག་སྟོབས་ཐོན་ཁུངས་གཅིག་སྡུད་ཀྱི་ལེགས་ཆ་གང་ལེགས་སྤྱོད་པ་བཅས་བྱས་ཏེ་ཚན་ཞིབ་འགག་སྒྲོལ་དང་གྲུབ་འབྲས་གཞན་སྒྱུར་ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས། ནང་འདྲེན་དང་གསོ་སྐྱོང་གལ་ཆེ་མཉམ་འཛིན་བྱས་ནས་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེར་གཏོང་བ་དང་། ལྗོངས་ཡོངས་ཀྱི་འཕེལ་རྒྱས་ལ་མཁོ་བའི་རྩེར་སོན་ཤེས་ལྡན་པ་དང་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པ་སྔར་ལས་མང་བ་གསོ་སྐྱོང་དང་འཚར་ལོངས་ཡོང་བར་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་དེ་བས་ལེགས་པའི་ངང་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

    “ཁྱེད་ཚོ་དུས་ཆེན་སྐྱིད་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན”ཝང་ཅུན་ཀྲེང་གིས་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་གི་ཡོན་ཀྲང་ཁྲེན་ཐེན་ལུའུ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཤ་བོ་མཁར་བྱམས་ལ་གཟིགས་པ་དང་མཚམས་འདྲི་གནང་བ་དང་ཁོང་ཚོར་སྨོན་འདུན་ཞུས་ཏེ་དགེ་རྒན་ཚོས་དཀའ་སྤྱད་འབད་འཐབ་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་དགེ་རྒན་གྱིས་སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་དང་ལག་བསྟར་ཤུགས་ཆེན་བྱས་ཏེ་རང་རྟོགས་ངང་བླ་སྲོག་གཏོད་པ་དང་། ཚེ་སྲོག་གཏོད་པ། མི་གསར་སྐྱོང་བ་བཅས་ཀྱི་དུས་རབས་ཀྱི་ལས་འགན་ལྕི་པོ་རང་རྟོགས་ངང་འཁུར་ཏེ་སློབ་གསོའི་ལྗོངས་སྟོབས་ཆེན་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་བའི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ཆེ་རུ་ཏན་ཏིག་གཏོང་བ་དང་། རིག་གཞུང་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཞིབ་འཇུག་འབྲས་བུ་མང་ཙམ་འདོན་པ་བཅས་བྱས་ཏེ། བློ་རྩེ་གཅིག་སྒྲིམ་ངང་དཔེ་ཁྲིད་མི་སྐྱོང་དང་། རིག་གཞུང་གི་མཐོ་སར་འཛེགས་ཕོད་པ། མུན་སེལ་ལམ་སྟོན་བྱེད་པ་བཅས་ཀྱི་ཁྲོད་དུ་འགན་འཁྲི་འཁུར་སེམས་མངོན་པ་དང་བྱས་རྗེས་འཇོག་དགོས་ཞེས་གསུངས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་ཞིག་རེད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་ལྷག་དོན་དུ་སློབ་གསོའི་ཁོངས་གཏོགས་ཀྱིས་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་མཐའ་འཁྱོངས་བྱེད་པ་དང་། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ། སློབ་གསོའི་ལྗོངས་སྟོབས་ཆེན་བསྐྲུན་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། བོད་ཀྱི་སློབ་གསོའི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པ་དང་། མི་བཟང་གསོ་སྐྱོང་གི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ནས་གནས་ལུགས་བརྗོད་པ་དང་། ཤེས་བྱ་སློབ་པ། དོགས་གནད་སེལ་བ་བཅས་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས་པ། མི་བཟང་གསོ་སྐྱོང་དེ་བསམ་བློ་ཀུན་སྤྱོད་ཀྱི་སློབ་གསོ་དང་། རིག་གནས་ཤེས་བྱའི་སློབ་གསོ། སྤྱི་ཚོགས་ལག་ལེན་གྱི་སློབ་གསོ་བཅས་ཀྱི་ལྷུ་ཚིགས་ཁག་དང་མཉམ་འདྲེས་བཅས་བྱས་ནས། གཞོན་ནུ་ལོ་ཆུང་སློབ་མར་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་རྒྱུར་ཁྲིད་སྟོན་བྱེད་དགོས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་འགྲིལ་རྒྱུར་སྐུལ་འདེད་གཏོང་དགོས་པ། མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་། མི་སེམས་རྡོག་རྩ་གཅིག་འགྲིལ་བྱེད་པ། ཤེས་ལྡན་པ་གསོ་སྐྱོང་ཐད་ནུས་པ་གལ་ཆེན་འདོན་པ་དང་རྨང་གཞིའི་སློབ་གསོར་དམ་འཛིན་ལྷོད་མེད་བྱེད་པ། འོས་འགན་སློབ་གསོ་སྤུས་ལེགས་དོ་སྙོམས་ངང་འཕེལ་རྒྱས་ཡོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ། ལེགས་ཆའི་ཚད་བརྒལ་ཁ་ཕྱོགས་གཅིག་སྡུད་བྱེད་པ། ཁུལ་ཁོངས་ཀྱི་དམིགས་བསལ་ཆེད་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ། ལེགས་ཆའི་རིག་ཚན་དང་རྩེར་སོན་ཆེད་ལས་གཏོད་པ། བཟོ་ཞིང་སྨན་སོགས་ཁ་ཐང་བའི་རིག་ཚན་དང་ཆེད་ལས་ཡག་པོ་གཉེར་བ་བཅས་བྱས་ཏེ་སློབ་གསོའི་སྤུས་ཚད་མཐོ་རུ་ཏན་ཏིག་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སློབ་གསོ་མཁས་ཅན་གྱི་སྙིང་སྟོབས་ཀྱིས་སྣེ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་དགེ་རྒན་དཔུང་ཁག་གི་སྤྱི་ཡོངས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་དང་། དགེ་རྒན་གྱི་དཔེ་ཁྲིད་མི་སྐྱོང་གི་འཇོན་ཐང་ཆེ་རུ་གཏོང་བ། དགེ་རྒན་དཔུང་ཁག་གི་སྒྱུར་བཅོས་གསར་གཏོད་ཟབ་ཏུ་གཏོང་བ། བྱང་ཚད་མཐོ་བའི་དགེ་རྒན་གསོ་སྐྱོང་དང་བཀོད་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། དགེ་རྒན་གྱི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ་བཅས་བྱས་ནས། ཀུན་སྤྱོད་བཟང་བ་དང་། ལས་སྒོ་བྱང་ཆུབ་པ། གྲུབ་ཆ་ལུགས་མཐུན། གསོན་ཤུགས་ཀྱིས་ཁེངས་པ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྔར་རྒྱུན་བཞིན་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུར་མཐོང་ཆེན་བྱེད་པ་དང་། དགེ་རྒན་དཔུང་ཁག་ལ་ཐུགས་ཁུར་དང་དགའ་གཅེས་བྱེད་པ། སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་གུས་བཀུར་དང་སློབ་གསོར་མཐོང་ཆེན་གྱི་རྣམ་པ་ཟབ་མོ་གཏོད་པ་བཅས་བྱས་ཏེ་རྒྱ་ཆེའི་དགེ་རྒན་རྣམས་བློ་བདེའི་ངང་སློབ་ཁྲིད་ལ་གཞོལ་བ་དང་། སེམས་ཤུགས་ཆེན་པོས་སློབ་ཁྲིད་ལ་གཞོལ་བ། བློ་བདེ་པོས་སློབ་ཁྲིད་ལ་གཞོལ་བ། སེམས་རྣལ་ལ་ཕབ་ནས་སློབ་ཁྲིད་ལ་གཞོལ་བ་བཅས་བྱས་ཏེ། སློབ་གསོ་དེང་རབས་ཅན་མགྱོགས་སུ་གཏོང་བ་དང་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།