དབུ་ཤོག>སྲིད་དོན།>སྲིད་དོན་གསར་འགྱུར།
  • བོད་ཀྱི་འཐུས་མི་ཚོགས་པ་ཀྲུང་གོ་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་བཞི་པར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-10

    ཚེས་8ཉིན། ཀྲུང་གོ་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་བཞི་པ་ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲང་ལིས་བོད་ཀྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ། བོད་ལྗོངས་འགྲེམས་ཁང་དུ་སྐོར་ཞིབ་ལ་ཕེབས་ནས་ཁེ་ལས་འགྲེམས་སྟོན་ལ་ཞུགས་པའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ཁེ་ལས་ཀྱི་སྤུས་རྟགས་འཛུགས་སྐྱོང་དང་ཐོན་རྫས་ཚོང་སྒྱུར་ལ་མཛུབ་ཁྲིད་གནང་བ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། སྐབས་འདིའི་མ་འཇོག་ངོ་འཕྲད་གྲོས་མོལ་ཚོགས་འདུས“མ་འཇོག་ལ་བརྟེན་ནས་འཛམ་གླིང་དང་སྦྲེལ་མཐུད་བྱེད་པ”ལོ་འཁོར་གྱི་བརྗོད་དོན་གཙོ་བོར་བྱས་ཏེ། དུས་ཡུན་ཉིན་བཞིའི་རིང་རྒྱལ་སྤྱི་ཅན་དང་། ཆེད་ལས་ཅན། སྤུས་རྟགས་ཅན་བཅས་ཀྱི་མ་འཇོག་སྐུལ་འདེད་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད། བོད་ལྗོངས་འགྲེམས་ཁང་ནི་ཞ་མོན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་C1འགྲེམས་ཁང་གི་C118འགྲེམས་ཁུལ་དུ་གནས་པ་དང་། འགྲེམས་ཁང་གི་རྒྱ་ཁྱོན་ལ་སྨི་ངོས་གྲུ་108ཡོད། རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་བོད་ཀྱི་ཁྱད་ལྡན་ཐོན་རྫས་ཁེ་ལས་18འགྲེམས་སྟོན་ལ་ཞུགས་རྒྱུ་སྒྲིག་འཛུགས་བྱས་ནས་ས་མཐོའི་ཁྱད་ལྡན་ཐོན་རྫས་རྩེ་གྲ་200ལྷག་ཙམ་གཅིག་སྡུད་འགྲེམས་སྟོན་བྱས་ཤིང་། འགྲེམས་སྟོན་ཚོང་ཟོག་གྲས་སུ་བོད་བཟོའི་ལག་ཤེས་བཟོ་རྩལ་ཐོན་རྫས་དང་། ས་མཐོའི་སྦྲང་རྩི། ནས་ཀྱི་ཐོན་རྫས། ཚགས་ཤའི་ཐོན་རྫས། བོད་སྨན། དབྱར་རྩྭ་དགུན་འབུ། བེ་ཤྭ། སྤོས། ཇ་ལོ། རྒུན་ཆང་། ནས་ཆང་། རང་བྱུང་འཐུང་ཆུ་སོགས་ཡོད་པ་དང་། དེའི་དམིགས་ཡུལ་ནི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ལས་སྟེགས་ལ་བརྟེན་ནས་བོད་ཀྱི་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་མཐོ་རུ་བཏང་སྟེ་ཁེ་ལས་ཀྱི་ངོ་འཕྲད་གྲོས་མོལ་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་རེད།

    གཞན་ཡང་། ཚེས་9ཉིན་གྱི་སྔ་དྲོར་བོད་ཀྱིས་ཞ་མོན་རུའེ་དབྱི་གསོལ་མགྲོན་ཁང་ཆེ་མོར“རི་མཚོ་བརྒལ་ནས་མཉམ་དུ་འབྱུང་འགྱུར་གཏོད་པའི”བརྗོད་དོན་གཙོ་བོའི་ཆེད་དོན་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ་འཚོགས་ནས། བོད་ཀྱི་མ་འཇོག་ཁོར་ཡུག་དང་ཚོང་འགུགས་སྲིད་ཇུས་སོགས་དྲིལ་བསྒྲགས་འོས་སྦྱོར་བྱས་པ་དང་། ཧྥུའུ་ཅན་ཞིང་ཆེན་གྱི་བོད་སྐྱོར་ལས་སྟེགས་ལ་བརྟེན་ནས་ཁེ་ལས་དང་འབྲེལ་མཐུད་དམ་ཟབ་བྱས་ཏེ། ཁེ་ལས་དེ་བས་མང་བ་བོད་དུ་མ་འཇོག་ལས་དར་ལ་ཡོང་རྒྱུའི་ཡིད་དབང་བཀུག་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།