དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཝང་ཅུན་ཀྲེང་།
  • བོད་ལྗོངས་དང་ཧོ་པེའི་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ།

    ཝང་ཅུན་ཀྲེང་དང་ཉི་གཡོད་ཧྥེང་གིས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-09

    ཟླ་9ཚེས་3ཉིན་ནས་ཚེས་6ཉིན་བར་ཧོ་པེ་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་། ཚེས་4ཉིན་གྱི་སྔ་དྲོར། བོད་ལྗོངས་དང་ཧོ་པེའི་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། འདི་ནི་བཞུགས་མོལ་ཚོགས་འདུའི་ཚོགས་ར་ཡིན་པ།

    ཟླ་9ཚེས་3ཉིན་ནས་ཚེས་6ཉིན་བར་ཧོ་པེ་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཝང་ཅུན་ཀྲེང་གི་ཕེབས་རོགས་འོག་ཧོ་པེ་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པས་གྲོང་འཕེལ་པདྨ་ནོར་འཛིན་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སིར་བོད་སྐྱོར་ཁེ་ལས་འཛུགས་སྐྲུན་དང་གཉེར་སྐྱོང་གནས་ཚུལ་མཁྱེན་རྟོགས་གནང་བཞིན་པ།

    ཚེས་3ཉིན་ནས་ཚེས་6ཉིན་བར་ཧོ་པེ་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་། ཚེས་4ཉིན་གྱི་སྔ་དྲོར། བོད་ལྗོངས་དང་ཧོ་པེའི་ལས་དོན་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཉི་གཡོད་ཧྥེང་བཞུགས་མོལ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

    བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་། ལིའུ་ཅང་། ལའེ་ཅའོ། ཀུང་ཧུའེ་ཚའེ། བསྟན་ཁོ། ཝུའེ་ཤིའུ་ཁྲང་། མོང་ཞའོ་ལིན་བཅས་དང་ཧོ་པེ་ཞིང་ཆེན་གྱི་འགོ་ཁྲིད་ཀྲང་ཁྲའོ་ཁྲའོ་དང་། ཁོ་ཅུན། ཝུའུ་ཝུའེ་ཏུང་། ཀྲང་ཁྲེང་ཀྲུང་། ཀའོ་ཡུན་ཞའོ། ཁྲང་ལི་ཧུང་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།

    ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཧོ་པེ་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་རྟོག་ཞིབ་ལ་ཕེབས་པར་དགའ་བསུ་ཞུས་པ་མ་ཟད། ཧོ་པེ་ཞིང་ཆེན་གྱིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་རང་ངོས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དུས་མཚུངས་ཧོ་པེ་ཞིང་ཆེན་གྱིས་བོད་ལ་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ལོ་30ཡི་རིང་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཞི་པའི་ཐོག་བོད་སྐྱོར་ལས་དོན་དང་བོད་ཀྱི་ལས་དོན་སྐོར་ལ་བླང་བྱ་ཁ་གསལ་བཏོན་ཡོད་པས། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱིས་ད་ཐེངས་ཀྱི་རྟོག་ཞིབ་དེ་འགོ་འཛུགས་ས་གསར་པར་བརྩིས་ནས། སྤེལ་རེས་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ལེགས་ཆ་གསབ་རེས་ལ་སྐུལ་འདེད་བཏང་སྟེ་དུས་རབས་གསར་པའི་ཧོ་པེ་དང་བོད་ལྗོངས་མཉམ་ལས་ཀྱི་ལེའུ་གསར་པ་ཞིག་བརྩམ་རྒྱུའི་རེ་བ་ཡོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་དེ་ཁོང་དུ་ཆུད་པར་བྱས་ནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་བྱེད་པ་དང་། ཕྱོགས་གཉིས་ཀྱི་ལས་ཞུགས་ལས་གཏོད་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་དགོས། མི་དམངས་ལྟེ་བར་འཛིན་པའི་རྩ་བའི་ལངས་ཕྱོགས་དེ་ཁོང་དུ་ཆུད་པར་བྱས་ནས་སློབ་གསོ་དང་། སྨན་བཅོས། རིག་སྟོབས་བཅས་ཀྱི་བོད་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་། རིམ་པ་མང་པོ་དང་ཁྱབ་ཁོངས་ཆེན་པོར་ཤེས་ལྡན་པ་གསོ་སྐྱོང་བྱེད་པ། བོད་སྐྱོར་མ་དངུལ་དག་དམངས་འཚོ་དང་གཞི་རིམ་ཐད་དུ་སྤྱོད་པ་བཅས་བྱས་ཏེ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་གྱི་ལས་དོན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་འགན་ཨང་དང་པོ་ཁོང་དུ་ཆུད་པར་བྱས་ནས་སྐྱེ་དངོས་སྨན་བཟོ་དང་། ཞིང་འབྲོག་ཐོན་རྫས་ལས་སྣོན། ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་སོགས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། བོད་ཀྱིས་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་འཛུགས་པར་རྒྱབ་སྐྱོར་བྱས་ཏེ་བོད་ཀྱི་ཐོན་ཁུངས་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་བཅད་ཡིན་པའི་བོད་ཀྱི་མཐའ་མཚམས་ས་ཁུལ་འདི་ཉིད་སྟངས་འཛིན་ཆུད་པར་བྱས་ནས་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་པ་རེད།

    ཉི་གཡོད་ཧྥེང་གིས་བཞུགས་མོལ་ཚོགས་འདུའི་ཐོག ད་ལོ་ནི་རྒྱལ་ཡོངས་ཀྱིས་བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་30འཁོར་བའི་ལོ་ཡིན་ལ། ཧོ་པེས་བོད་ཀྱི་མངའ་རིས་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་30འཁོར་བའི་ལོ་ཡང་རེད། ཧོ་པེའི་ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་ཚོགས་འདུ་ཐེངས་བཞི་པའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བཅས་བྱས་ནས། ཁ་གཏད་བོད་སྐྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་དེ་བློ་བརྟན་འགྱུར་མེད་ངང“གཏན་འཁེལ་གཉིས”ལ་བརྩི་སྲུང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་བྱ་སྤྱོད་དངོས་ལ་བརྩིས་ནས་ཆབ་སྲིད་ཀྱི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་བཏང་ནས་ཁ་གཏད་བོད་སྐྱོར་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན། གནད་སྨིན་བོད་སྐྱོར་དང་། བརྒྱུད་རིམ་ལྡན་པའི་བོད་སྐྱོར། ཡུན་རིང་བོད་སྐྱོར་བཅས་མཐའ་འཁྱོངས་ཀྱིས་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོར་འབྲེལ་མཐུད་གཏིང་ཟབ་བྱེད་པ་དང་། ཐོན་ལས་རྣམ་གྲངས་ལག་བསྟར་གཏིང་ཟབ་བྱེད་པ། ཁུ་ལུ་དང་། ནུས་རྒྱུ་གཙང་མ། སྐྱེ་ཁམས་ཡུལ་སྐོར་སོགས་ཀྱི་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་རོགས་བྱེད་པ། ཧོ་པེའི་ཁེ་ལས་དེ་བས་མང་བས་མངའ་རིས་སུ་མ་འཇོག་བྱེད་པར་ཁྲིད་སྟོན་བཅས་བྱས་ནས་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པར་འདེགས་སྐྱོར་བྱེད་ཀྱི་ཡིན། ཤེས་ལྡན་ལས་བྱེད་པའི་བོད་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་སྣ་མང་ཅན་གྱི་འདེམས་གཏོང་བྱེད་སྟངས་གསར་གཏོད་ཧུར་ཐག་བྱེད་པ་དང་། སློབ་གསོ་དང་སྨན་བཅོས་སོགས་ཆེད་ལས་ལག་རྩལ་ཤེས་ལྡན་པའི་བསྡུར་ཚད་མཐོ་རུ་གཏོང་བ། བོད་དུ་འཕྲལ་མཁོ་ཆེ་བའི་ཕུལ་བྱུང་ཤེས་ལྡན་ལས་བྱེད་པ་མངགས་པ་བཅས་བྱས་ཏེ་རོགས་སྐྱོར་བྱ་ཡུལ་དུ་ལུས་སེམས་གནས་ཐུབ་པའི་བྱང་ཚད་མཐོ་བའི་ཤེས་ལྡན་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་རོགས་བྱེད་ཀྱི་ཡིན། མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་མངའ་རིས་ལ་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་རོགས་ཧུར་ཐག་བྱེད་པ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་རྒྱུར་སྐུལ་འདེད་གཏོང་གི་ཡིན། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་དང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་མཉམ་དུ་འཕེལ་རྒྱས་གཏོང་བའི་རྩ་ཆེའི་གོ་སྐབས་བེད་སྤྱོད་ཡག་པོ་བྱེད་པར་དམ་འཛིན་བྱས་ཏེ་ནུབ་རྒྱུད་ཐོན་འབྱེད་ཆེ་མོར་འབྲེལ་མཐུད་ནུས་ལྡན་དང་ལེགས་ཆ་གསབ་རེས་ལ་ཤུགས་སྣོན་རྒྱག་པ་དང་། དཔལ་འབྱོར་ཚོང་དོན་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། རིག་གནས་དང་ཡུལ་སྐོར་མཉམ་ལས་ཟབ་ཏུ་གཏོང་བ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་བ། ཕྱར་བ་གྲུ་འདེགས་ཀྱིས་ཧོ་པེ་དང་བོད་ས་གནས་གཉིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་ཐུན་མོང་ཐོག་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།