ཝང་ཅུན་ཀྲེང་གིས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ལིའུ་ཧོན་ཤིན་དང་བཞུགས་མོལ་གནང་བ།
ཟླ་9ཚེས་2ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ཏང་ཙུའི་ཁོངས་མི་དང་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ལིའུ་ཧོན་ཤིན་བཅས་པ་དང་བཞུགས་མོལ་གནང་བ་རེད། འདི་ནི་བཞུགས་མོལ་གནང་བཞིན་པ།
ཚེས་2ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ཏང་ཙུའི་ཁོངས་མི་དང་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་ལིའུ་ཧོན་ཤིན་བཅས་པ་དང་བཞུགས་མོལ་གནང་བ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ལིའུ་ཧོན་ཤིན་དང་བཅས་པ་བོད་དུ་བརྟག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་ཤིང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་ནས་བོད་ཀྱི་ལས་དོན་ལ་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་སྟེ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་གནང་བ་དང་། “བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་གསལ་སྟོན་གནང་ནས་ང་ཚོར་ལས་དོན་ཡག་པོ་སྒྲུབ་པའི་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང“དོན་ཆེན་བཞི”དོན་འཁྱོལ་ལ་རྒྱུན་སྲིང་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱས་ཏེ། བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས། མིག་སྔར་བོད་འདི་ཉིད་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་འགག་རྩའི་དུས་སྐབས་སུ་གནས་ཡོད། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་སྔར་རྒྱུན་བཞིན་བོད་ཀྱི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ནས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ལས་རིགས་ཀྱི་ལེགས་ཆ་འདོན་པ་དང་། ཐོན་ལས་དང་། སྲིད་ཇུས། རིག་སྟོབས། རྣམ་གྲངས་བཅས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་རྒྱུན་མཐུད་བཏང་སྟེ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དེ་བས་ཡག་པོ་གཏོང་བའི་རེ་བ་ཡོད། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཐུན་མོང་ཐོག་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ནས་ངོས་འཛིན་ཟབ་ཏུ་གཏོང་བ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། འབྲུ་རིགས་གསོག་འཇོག་དང་། ཁྲོམ་ར་སྙོམས་སྒྲིག འཕྲལ་སྡོམ་མཁོ་སྤྲོད་ལ་འགན་ལེན་བཅས་བྱེད་ནུས་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་ཏན་ཏིག་འཁྱོལ་བར་འགན་ལེན་བྱེད་དགོས། བོད་ཀྱི་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་བྱ་གཞག་གསར་གཏོད་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས། འབྲུ་རིགས་བདེ་འཇགས་གྲབས་གསོག་དོ་དམ་དང་ཆ་འཕྲིན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། འབྲུ་རིགས་བཀར་འཇུག་ཟོག་འགྲེམས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་བོད་ཀྱི་འབྲུ་རིགས་གསོག་ཉར་བྱེད་ནུས་ཆེ་རུ་གཏོང་དགོས། བོད་ཀྱི་སྤུས་ལེགས་ཁྱད་ལྡན་འབྲུ་རིགས་ཐོན་ལས་ཐུན་མོང་ཐོག་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་བཏང་ནས་འབྲུ་རིགས་སྣེ་འདྲེན་ཁེ་ལས་ཀྱིས་བོད་དུ་མ་དངུལ་གཏོང་ཤུགས་ཆེ་རུ་བརྟན་པོ་གཏོང་བར་རྒྱབ་སྐྱོར་དང་། འབྲུ་རིགས་ཐོན་ལས་དཔལ་འབྱོར་འཕེལ་རྒྱས་གཏོང་བ། འབྲུ་རིགས་ལས་སྣོན་གཞན་སྒྱུར་བཅས་བྱས་ནས“བོད”ཀྱི་ཚོང་རྟགས་ཐོན་རྫས་དེ་བས་མང་བ་རྒྱལ་ཡོངས་ཀྱི་ཁྲོམ་རར་འདོན་ཐུབ་པར་བྱེད་དགོས། ཁ་གཏད་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཚན་རྩལ་དང་ཤེས་ལྡན་པའི་འདེགས་སྐྱོར་ལ་མཐོང་ཆེན་དང་། སྲིད་ཇུས་ཀྱི་ཆུ་ཚད་མཐོ་ལ་ཆེད་ལས་རྩལ་ནུས་ཆེ་བའི་ཕུལ་བྱུང་ཤེས་ལྡན་པ་བོད་དུ་སྤེལ་རེས་ལ་འདེམས་གཏོང་། ནང་སྐྱེས་སྒུལ་ཤུགས་འཕེལ་བ་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྣོན་དགོས་ཞེས་གསུངས་པ་རེད།
ལིའུ་ཧོན་ཤིན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་རང་ངོས་ཀྱི་ལེགས་ཆ་གང་ལེགས་འདོན་པ་དང་། བོད་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་དང་སྦྲེལ་མཐུད་དམ་ཟབ། འབྲུ་རིགས་གསོག་ཉར་སྙོམས་སྒྲིག་བྱེད་ནུས་ཆེ་རུ་གཏོང་བ་དང་། འབྲུ་རིགས་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། འབྲུ་རིགས་བཀར་འཇུག་དང་ཟོག་འགྲེམས་སྒྲིག་བཀོད་འཛུགས་སྐྲུན། འབྲུ་རིགས་ཀྱི་ཐོན་ལས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་སོགས་ཀྱི་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ལས་རིགས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། བོད་ཀྱིས་སྤུས་ལེགས་ཁྱད་ལྡན་འབྲུ་རིགས་ཐོན་ལས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་བར་རྒྱབ་སྐྱོར། སྤུས་ལེགས་འབྲུ་རིགས་སྤུས་རྟགས་ཅན་དང་སྤུས་རྟགས་ཐོན་རྫས་གཞི་ཁྱོན་ཅན་དུ་འགྱུར་བ། བོད་ཀྱི་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་རམ་འདེགས་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།