ཁྲེན་ཡུང་ཆིས་གཞིས་རྩེ་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དང་། ལྷ་རྩེ་རྫོང་། དིང་རི་རྫོང་བཅས་སུ་ཕེབས་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་སྤེལ་རེས་གནང་སྟེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་དང་། ས་སྐྱ་རྫོང་དགེ་སྡིངས་གྲོང་རྡལ་དུ“གནད་གཏད་གནད”ཀྱི་གྲོང་གསེབ་དར་རྒྱས་ལས་དོན་ལ་དམ་འཛིན་བྱེད་པར་མཛུབ་ཁྲིད། ས་སྐྱ་རྫོང་བྲག་མཇུག་ཤང་ས་མཐོའི་ཞིང་ལས(བྲ་བོ)གྲོང་གསེབ་དར་རྒྱས་དཔེ་སྟོན་ས་ཚིགས་དང་། ཁ་ཆེ་ཤ་སྐམ་འདེབས་གསོ་རྟེན་གཞི། ལྷ་རྩེ་རྫོང་གྲའུ་ཤང་འཇིགས་སྐྱོང་གྲོང་ཚོའི་གནས་སྤོས་ས་ཚིགས། དིང་རི་གནམ་ཐང་བཅས་ལ་བརྟག་ཞིབ་གནང་ནས་ཐོན་ལས་འཕེལ་རྒྱས་དང་། རྣམ་གྲངས་འཛུགས་སྐྲུན། མང་ཚོགས་ཀྱི་འབབ་འཕར་སོགས་ཀྱི་ལས་དོན་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ལས་དོན་སྤེལ་ཚུལ་གྱི་སྙན་སེང་གསན་པ་དང་ལྷག་པའི་གནད་དོན་ཞིབ་འཇུག་ཐག་གཅོད་གནང་བ་རེད།
ཁྲེན་ཡུང་ཆིས་གསུངས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་ཚོགས་འདུ་ཧ་ཅང་གལ་ཆེན་ཞིག་རེད།
རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ། སྒྱུར་བཅོས་སྒོ་དབྱེའི་འགག་རྩའི་བྱེད་ཐབས་ཡག་པོ་སྤྱོད་པ་བཅས་བྱས་ཏེ། རང་ལྗོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་དུས་ཚིགས་གསུམ་པའི་གཙོ་གནད་རྣམ་གྲངས་ཀྱི་འགག་སྒྲོལ་འཆར་གཞི་དོན་འཁྱོལ་ནན་པོ་བྱེད་པ་དང་། མ་དངུལ་དང་། ས་ཆ། ལས་མི་སོགས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་ལས་གྲྭའི་སྤུས་ཚད་དང་ཨར་ལས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ངོ་ཡོད་ལས་འབོར་དེ་བས་མང་བ་གྲུབ་གང་ཐུབ་བྱེད་དགོས། ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་རིམ་སྤོར་བཅས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་ཐོན་ལས་བཀོད་སྒྲིག་ལེགས་འགྱུར་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁྱད་ལྡན་ཞིང་འབྲོག་ལས་དང་། ནུས་རྒྱུ་གཙང་མའི་ཐོན་ལས། རིག་གནས་དང་ཡུལ་སྐོར་ལས་རིགས་སོགས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ལྷག་པར་དུ། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་དང་། གོང་འོག་ཐོན་ལས་འཁོར་འབྲེལ་སྣུར་སྲིང་། ཟུར་སྣོན་རིན་ཐང་འཕར་སྣོན་བཅས་ལ་ཤུགས་སྣོན་རྒྱག་པ་དང་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་དགོས། གྲོང་གསེབ་དར་རྒྱས་གཏོང་བའི་སྤྱིའི་བླང་བྱ་དང་རང་སྐྱོང་ལྗོངས་ཀྱི་ཞིབ་ཕྲའི་དམིགས་ཚད་ཁག་21དང་དམ་པོར་བསྟུན་ནས་གྲོང་ཚོའི་རྣམ་པ་ལེགས་སུ་ཤུགས་ཆེན་གཏོང་བ་དང་ཐོན་ལས་འཕེལ་རྒྱས་འགྲོ་མགྱོགས་སུ་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མང་དུ་རྒྱུན་ཆད་མེད་པར་གཏོང་དགོས། མང་ཚོགས་ཀྱི་ལངས་ཕྱོགས་སུ་ཐོག་མཐའ་བར་གསུམ་དུ་བརྟན་པོར་ལངས་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་མང་ཚོགས་ཀྱིས་ཚོར་ཐུབ་པའི་དམངས་འཚོའི་དོན་དངོས་སྒྲུབ་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་དང་དམིགས་བསལ་ཚོགས་སྤྱིའི་གཞི་རྩའི་འཚོ་བའི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་ལོ་འཁོར་གྱི་དམིགས་ཚད་ལས་འགན་དང་གཙོ་གནད་ལས་དོན་ལ་དམ་པོར་དམིགས་ཏེ། བཀོད་གཏོང་དང་། ལྟ་སྐུལ། ཞིབ་བཤེར་བཅས་བྱེད་ཤུགས་ཆེ་རུ་བཏང་ནས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ། གྲུབ་འབྲས་དངོས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་པ་རྩོམ་དགོས།