ཝང་ཅུན་ཀྲེང་གིས་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་ཧྲུའུ་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅི་ཡུས་ཅན་ཧྭ་བཅས་པ་དང་བཞུགས་མོལ་གནང་བ།
ཁྲེན་ཡུང་ཆི་ཞུགས་པ།
ཟླ་8ཚེས་29ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་ཧྲུའུ་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅི་ཡུས་ཅན་ཧྭ་བཅས་པ་དང་བཞུགས་མོལ་གནང་ཞིང་། འདི་ནི་བཞུགས་མོལ་གནང་ཡུལ་ཡིན་པ།
ཚེས་29ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སར་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་ཧྲུའུ་ཀྲང་དང་ཏང་ཨུད་ཀྱི་ཧྲུའུ་ཅི་ཡུས་ཅན་ཧྭ་བཅས་པ་དང་བཞུགས་མོལ་གནང་བ་རེད།
ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཡུས་ཅན་ཧྭ་དང་བཅས་པ་བོད་དུ་རྟོག་ཞིབ་གནང་བར་ཕེབས་པར་དགའ་བསུ་ཞུས་པ་དང་སྦྲགས། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་དུས་ཡུན་རིང་པོའི་ནང་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཝང་ཅུན་ཀྲེང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་བོད་དུ་གཟིགས་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་ཏེ། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་གཏན་འཁེལ་དང“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞི་ཁ་གསལ་བཟོས་གནང་སྟེ་ང་ཚོར་བོད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ཅེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས་གསུངས་དོན། དུས་ཡུན་རིང་པོའི་ནང་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་བློ་བརྟན་འགྱུར་མེད་ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ། རྒྱལ་སྒོ་སྲུང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་དང་འོས་འགན་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་བོད་ཀྱི་ཆུ་ཚད་མཐོ་བའི་སྒོ་དབྱེ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་བོད་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་རམ་འདེགས་བྱེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐུན་མོང་ཐོག་ལག་བསྟར་དོན་འཁྱོལ་བྱས་ཏེ། བོད་ཀྱི་སྒྱུར་བཅོས་ཟབ་གཏོང་དང་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། མཐའ་མཚམས་ཀྱི་འགག་སྒོ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། མཐའ་མཚམས་ཀྱི་ཉོ་ཚོང་གསར་གཏོད་འཕེལ་རྒྱས་དང་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་དེ་བས་ལེགས་པའི་ངང་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བཅས་བྱས་ནས། ཆུ་ཚད་མཐོ་བའི་སྒོ་དབྱེར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཨེ་ཤེ་ཡ་ལྷོ་མར་ཁ་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། བོད་ཀྱིས་མཐའ་འཁོར་རྒྱལ་ཁབ་དང་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ཁྲོད་མཉམ་འདྲེས་གཏིང་ཟབ་བཅས་བྱས་ཏེ། འཛམ་གླིང་གིས་བོད་ཤེས་རྟོགས་དེ་བས་ལེགས་པ་དང་བོད་གང་མགྱོགས་འཛམ་གླིང་ལ་སྐྱོད་ཐུབ་པར་བྱེད་པ། ཐུན་མོང་ཐོག་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཁ་གཏད་བོད་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་གཏོང་བ་བཅས་བྱས་ནས་མཐའ་མཚམས་ས་ཁུལ་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་རྒྱུའི་རེ་བ་ཡོད།
ཡུས་ཅན་ཧྭ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དུས་ཡུན་རིང་པོའི་ནང་འགག་སྒོའི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། ཁོང་གིས་བརྗོད་དོན། ད་ཐེངས་བོད་དུ་བརྟག་ཞིབ་བྱེད་པར་ཡོང་སྐབས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྐྱེ་སྟོབས་ཆེན་པོ་དང་བོད་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་ཟབ་མོ་ཚོར་བྱུང་། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་ནན་ཏན་བསྟར་བ་དང་ལྟེ་བར་དམིགས་ཏེ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་། བོད་ཀྱི“བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས”བཅས་ཀྱི་དོན་ཆེན་བཞིར་ཞབས་འདེགས་ཞུ་བའི་ཁྲོད་ཀྱི་འགག་སྒོ་ལས་ཁུངས་ཀྱི་ཟུང་འབྲེལ་བྱེད་ས་དང་ཤུགས་རྒྱག་ས་གནད་ལ་འཁེལ་པོ་བཙལ་ཏེ་རྒྱལ་སྒོ་སྲུང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་དང་འོས་འགན་ཕྱོགས་ཡོངས་ནས་སྒྲུབ་པ། བོད་ཀྱི་སྒོ་དབྱེ་འཕེལ་རྒྱས་ཀྱི་དགོས་མཁོར་ཞབས་འདེགས་ཡག་པོ་ཞུ་བ་དང་འབྲེལ་མཐུད་ཡག་པོ་བྱེད་པ། འབྲེལ་མཐུད་ཤུགས་ཆེན་དང་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས་བོད་ཀྱི་ཆུ་ཚད་མཐོ་བའི་སྒོ་དབྱེ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན། བོད་སྐྱོར་ལས་དོན་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་བོད་སྐྱོར་ཁྱབ་ཁོངས་རྒྱ་ཆེར་བཏང་ནས་བོད་ཀྱི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ལག་ལེན་ལ་མི་རྒྱུ་དངོས་གསུམ་གྱི་འདེགས་སྐྱོར་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་རམ་འདེགས་བྱ་རྒྱུ་ཡིན།