ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་གནང་དོན།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་བྱས་ཏེ་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་དགོས།
ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ཀྲུང་དབྱང་གི《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་གཏན་འབེབས་འགའ་ཞིག》དང་ཀྲུང་དབྱང་རིམ་ངོས་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་ལས་ཀའི་ལམ་སྲོལ་སྐོར་གྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་གནང་བ་དང་། ལྗོངས་ཡོངས་ཀྱི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་གནས་ཚུལ་གྱི་སྙན་སེང་གསན་ཏེ་གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་གནང་བ་རེད། ཁོང་གིས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་དོན་འཁྱོལ་དང་། 《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་གཏན་འབེབས་འགའ་ཞིག》ཇི་མ་ཇི་བཞིན་དོན་འཁྱོལ། བོད་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་མཐའ་འཁྱོངས་དང་། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་བཅས་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལས་སྒྲུབ་ལས་གཏོད་དང་ཐེག་པ་ཁུར་ལེན་དེ་བས་ལེགས་པ་བྱ་རྒྱུར་སྐུལ་ལྕག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས《གཏན་འབེབས་འགའ་ཞིག》ནི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་དང་། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གལ་ཆེན་ཞིག་ཡིན་པས། ལས་དོན་ཁག་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད་ལ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གཏིང་ཟབ་དང་རྒྱ་སྐྱེད་དུ་གཏོང་བ་དང་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་ལམ་ལུགས་ཀྱི་གཞི་འཛིན་ས་གལ་ཆེན་ཡང་མཁོ་འདོན་བྱས་ཡོད། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱོད་ཚུལ་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པར་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་དང་། སྒྲིག་འཛུགས་ཞིབ་ཚགས། ཕན་འབྲས་དོན་གཉེར་བཅས་བྱས་པས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་འཇོན་ཐང་དང་སེམས་ཤུགས་སྔར་བས་ཆེ་རུ་ཕྱིན་ནས་བློ་སེམས་གཅིག་སྒྲིལ་དང་། བློ་ཁ་གཅིག་མཐུན། སེམས་ཤུགས་འཕེལ་བ། ལས་དོན་སྒྲུབ་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དེ་ནི་ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་བསྟར་བའི་མཚོན་ཚུལ་ཞིབ་ཕྲ་ཞིག་ཡིན་པས། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་པ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་བཅས་བྱ་རྒྱུ་དེ“གཏན་འཁེལ་གཉིས”ལ་བརྩི་བཀུར་བརྟན་པོ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པའི་བྱ་སྤྱོད་དངོས་ལ་བརྩིས་བ་དང་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་པ། དམ་འཛིན་མཐར་ཕྱིན་བྱས་ནས་ཕན་འབྲས་ཐོན་པ་བཅས་བྱས་ཏེ། གཞི་རིམ་གྱི་ལས་བྱེད་པར་ལས་སྒྲུབ་ལས་གཏོད་ཀྱི་མཐུན་རྐྱེན་སྐྲུན་དགོས་ཞེས་གསུངས་པ་རེད།
ཝང་ཅུན་ཀྲེང་གིས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་མཐའ་འཁྱོངས་ཀྱིས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་རྒྱུན་མཐུད་གཏིང་ཟབ་དང་རྒྱ་སྐྱེད་དུ་བཏང་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས། དངོས་ཐོག་བདེན་འཚོལ་དང་ཐམས་ཅད་དོན་དངོས་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ། ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་རང་ས་ཁུལ་དང་རང་སྡེ་ཚན་གྱི་དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་། མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ། དམིགས་ས་ཡོད་པའི་སྒོ་ནས་དངོས་སྒྲུབ་དང་གོ་ཆོད་པའི་ལས་ཀའི་བྱེད་ཐབས་བཟོ་བ། གནད་དོན་དག་ཐེར་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁུར་པོ་ཡང་དུ་གཏོང་བའི་གྲུབ་འབྲས་ལས་གཞི་རིམ་ལས་བྱེད་པར་ཕན་པ་དེ་བས་ལེགས་པ་ཐོབ་པ་དང་། གཞི་རིམ་ལས་བྱེད་པས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་བའི་དུས་ཚོད་དང་ནུས་ཤུགས་སྔར་ལས་མང་བ་ཡོད་པ་བྱེད་དགོས། གོང་དཔེ་འོག་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་དང་། འགོ་ཁྲིད་བྱེད་སྟངས་ལེགས་བཅོས། སྲོལ་རྒྱུན་གྱི་བསམ་གཞིགས་དང་ཐབས་ལམ་ལ་བརྟེན་དྲགས་པ་སེལ་བ། མང་ཚོགས་ཀྱི་ཁྲོད་ནས་བླངས་ཏེ་མང་ཚོགས་ཀྱི་ཁྲོད་དུ་སྤེལ་བ་མཐའ་འཁྱོངས། མང་ཚོགས་ཀྱི་ལྟ་བ་དང་ལངས་ཕྱོགས་ནས་གནད་དོན་ལ་བསམ་བློ་མང་ཙམ་གཏོང་བ། དུང་སེམས་བཅངས་ནས་མང་ཚོགས་ཀྱིས་དོ་སྣང་བྱེད་པའི་བྱ་བ་ཐག་གཅོད་ཡག་པོ་བྱེད་པ། དཔེ་མཚོན་གྱི་སྣེ་ཁྲིད་ནུས་པ་གང་ལེགས་འདོན་པ། རིམ་པ་གཅིག་གིས་གཅིག་ལ་མིག་དཔེ་སྟོན་པ་དང་རིམ་པ་གཅིག་གིས་གཅིག་ལ་སྣེ་ཁྲིད་ནས་ལས་དོན་སྒྲུབ་པ་བཅས་བྱས་ཏེ། གོང་འོག་མཉམ་འགུལ་དང་། ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། མཐུན་སྦྱོར་སྐུལ་འདེད་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཧུར་ཐག་ཆགས་པ་བྱེད་དགོས། གཞི་རིམ་གྱི་འགན་དབང་གསལ་ཐོ་འཐུས་སྒོ་ཚང་དུ་བཏང་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་ནུས་སྤྲོད་ཕན་ཆེ་ཡོང་བར་སྤྱི་འདོམས་བྱེད་པ་དང་།“གཏོགས་ཁོངས་དོ་དམ”གྱི་དོན་ཚན་ཚན་རིག་དང་མཐུན་པའི་སྒོ་ནས་ཚད་ལྡན་དུ་གཏོང་བ། འགན་དབང་གི་མཚམས་སྔར་བས་ཁ་གསལ་བཟོ་བ་དང་། ཁོངས་ཁུལ་གྱི་དོན་གཅོད་དབང་ཆ་དབྱེ་བ། འགན་འཁྲིའི་འབྲེལ་བ་གསལ་པོ་བཟོ་བ་བཅས་བྱེད་པ། གསལ་ཐོ་ཕུད་པའི་དོན་ཚན་གྱི་ཆོག་འཐུས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ཁུངས་དང་། ཞབས་ཞུ། དོ་དམ་བཅས་གཞི་རིམ་དུ་ཕྱོགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། གཞི་རིམ་ལ་དབང་ཆ་དང་འགན་འཁྲི་ཡོད་ལ་འགན་དབང་ཆ་འགྲིག་ཡོང་བ་དངོས་སུ་བྱེད་དགོས། ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ“འཕྲལ་དུ་བཅོས་སྒྲིག”དང“ཡུན་རིང་མཐའ་འཁྱོལ”ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་དང་། ལས་དོན་བྱེད་ཐབས་གསར་གཏོད། ལས་ཆོད་ཆེ་རུ་གཏོང་བ། ཁུར་པོ་ཡང་དུ་བཏང་ཡང་འགན་འཁྲི་ཆུང་དུ་མི་གཏོང་བ་དང་ཁུར་པོ་ཡང་དུ་བཏང་ཡང་སྤུས་ཚད་ཞན་དུ་མི་གཏོང་བའི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། རྒྱུན་རྣམ་ཅན་གྱི་ལས་ཀའི་ཞིབ་བཤེར་ལ་དམ་འཛིན་ཡག་པོ་བྱེད་པ། ལག་ལེན་ལ་ཞིབ་བཤེར་དང་སྤྱོད་གོ་ཆོད་པའི་ཉམས་མྱོང་དང་བྱེད་ཐབས་བརྟན་དུ་བཏང་ནས་ལམ་ལུགས་ཚད་ལྡན་དུ་སྒྱུར་མཁས་པོ་བྱེད་པ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དེ་ལམ་ལུགས་ཀྱི་འཁོར་ལམ་དུ་ཚད་ལྡན་ཅན་གྱི་འཁོར་རྒྱུག་ཐུབ་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྒྱུར་བཅོས་ཀྱི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བར་འགན་ལེན་གལ་ཆེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས། ལས་ཀའི་འགན་འཁྲི་ནན་དུ་བཏང་སྟེ་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཧུར་ཐག་ཆགས་པ་བྱེད་དགོས། རིམ་ཁག་ཏང་ཨུད་ཀྱིས་བྱེད་པོའི་འགན་འཁྲི་ལེགས་པར་བསྒྲུབས་ཏེ《གཏན་འབེབས་འགའ་ཞིག》གི་བླང་བྱ་ཁག་འཐབ་ཕྱོགས་ཁག་དང་། ཁྱབ་ཁོངས་ཁག ལྷུ་ཚིགས་ཁག་བཅས་སུ་དོན་འཁྱོལ་བྱེད་དགོས། རིམ་ཁག་སྡེ་ཚན་ཁག་གིས《གཏན་འབེབས་འགའ་ཞིག》ལག་བསྟར་ནན་པོ་བྱས་ཏེ། དོན་ཚན་དང་རྣམ་གྲངས་རེ་རེ་བཞིན་དོན་འཁྱོལ་ཞིབ་ཕྲ་ཡོང་བར་དམ་འཛིན་ཡག་པོ་བྱས་ཏེ་གཞི་རིམ་དེ་ཉིད་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་འཆིང་རྒྱའི་ཁྲོད་ནས་མཐར་ཐུབ་པ་དང་། སློབ་སྦྱོང་དང་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་སྟེ་གཞི་རིམ་ལས་བྱེད་པས་བཞེད་དོན་གྱི་དོན་སྙིང་ལ་གོ་བ་ལེན་པར་ཁྲིད་སྟོན་བྱས་ཏེ་དེ་བས་ཧུར་བརྩོན་དང་རང་འགུལ་ངང་གསར་འབྱེད་ཡར་བརྩོན་དང་དངོས་འཛིན་དངོས་སྒྲུབ་བྱེད་དགོས། རང་སྐྱོང་ལྗོངས་ཁུར་པོ་ཡང་གཏོང་གཞུང་ལས་ཁང་གིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བྱེད་ཐབས་ཁག་དོན་འཁྱོལ་ཡག་པོ་ཡོང་བར་སྐུལ་འདེད་གཏོང་བ་དང་། ལྟ་བཤེར་ཞིབ་བཤེར་དང་དཔྱད་ཞིབ་དཔྱད་བསྡུར་གྱི་ལས་དོན་ཁག་ཚད་ལྡན་དུ་གཏོང་བ། འཁོར་སྦྲེལ་ཧྲིལ་པོའི་ཕྱི་ཚུལ་རིང་ལུགས་འགོག་བཅོས་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཁྲིམས་སྲོལ་ལམ་ལུགས་ཀྱི་བཙན་ཐབས་རང་བཞིན་དང་གཅུན་འདོམས་ནུས་པ་ཆེ་རུ་ཏན་ཏིག་གཏོང་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྤྱི་ཡོངས་ལ་ལྟ་རྟོག་དང་། སྒྲིག་ཁྲིམས་སྲུང་བ། མིག་དཔེ་འདོན་པ་བཅས་བྱས་ཏེ་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་དང་། ཚོགས་འདུའི་ཡིག་ཆ་ཁུ་བསྡུ་བྱེད་པ། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱེད་པ། ལས་དོན་སྒྲུབ་སྟངས་དང་བྱེད་ཐབས་ལ་དོ་སྣང་བྱེད་པ། གཡོ་ཟོལ་མེད་པའི་སྒོ་ནས་ཕྱི་ཚུལ་རིང་ལུགས་སྤོང་བ། སྐད་ཆ་དྲང་པོར་ཤོད་པ་དང་བྱ་བ་དངོས་སྒྲུབ་པ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།