རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས་དང་དེའི་ལག་བསྟར་བྱ་ཐབས་ཀྱི་ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་འཚོགས་པ།
ཚེས་23ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》དང《བོད་རང་སྐྱོང་ལྗོངས་ཀྱིས<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བུད་མེད་ཀྱི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས>ལག་བསྟར་བྱེད་པའི་བྱ་ཐབས》(གཤམ་དུ“བཅའ་ཁྲིམས་གཅིག་དང་བྱ་ཐབས་གཅིག”ཅེས་བསྡུ་རྒྱུ)ཀྱི་ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་འཚོགས་པ་དང་། སྡེ་ཚན་ཁག་གིས“བཅའ་ཁྲིམས་གཅིག་དང་བྱ་ཐབས་གཅིག”ལག་བསྟར་གྱི་གནས་ཚུལ་ལ་ཉན་པ་དང་ཁྲིམས་སྒྱུར་ཞིབ་བཤེར་གྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ། ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གི་ཙུའུ་ཀྲང་ལིའུ་པོ་ཁྲེང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཁྲིམས་སྒྱུར་ཞིབ་བཤེར་ཚོགས་ཆུང་གིས་བསམ་བློ་གཅིག་གྱུར་དང་ངོས་འཛིན་གཏིང་ཟབ་བྱས་ཏེ། ཁྲིམས་སྒྱུར་ཞིབ་བཤེར་གྱི་དུས་འགོའི་ལས་དོན་ཡག་པོ་སྒྲུབ་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་བླང་བྱ་གཞིར་བཟུང་ཁྲིམས་ལ་ནན་པོ་གཞིགས་ནས་ལས་འགན་སྒྲུབ་པ་དང་། ཁྲིམས་སྒྱུར་བྱེད་རིང་འདྲ་ཆགས་ཆགས་དང་ཕྱི་ཚུལ་ཙམ་མི་བྱེད་པ། དངོས་འཛིན་བཙན་འཐབ་བྱེད་ཕོད་པ། གནད་དོན་དག་ཐེར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཁྲིམས་སྒྱུར་ཞིབ་བཤེར་ལ་ཕན་འབྲས་དངོས་ཐོན་པ་བྱེད་དགོས། རྩ་དོན་ཁོང་དུ་ཆུད་པ་དང་། གཙོ་གནད་མངོན་གསལ་དོད་པོ་ཡོང་བ། འགན་འཁྲིར་ཤུགས་སྣོན་རྒྱག་པ། མཉམ་ཤུགས་ཆགས་པ་བཅས་བྱས་ཏེ་ཁྲིམས་སྒྱུར་ཞིབ་བཤེར་ལ་བརྟེན་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་ཡང་དག་ནུས་ལྡན་གྱི་སྒོ་ནས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་སྟེ། བུད་མེད་ཀྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།