ལིའུ་ཅང་གིས་ཉིང་ཁྲི་གྲོང་ཁྱེར་དུ་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ།
ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་གྲོང་ཚོ་དང་སྡེ་ཁུལ་དུ་ཕེབས་ཏེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད། “མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་ཐབས་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་བ་རེད།
སྦེ་པ་གྲོང་རྡལ་དང་། དགུང་ཚང་མོན་པ་མི་རིགས་ཤང་བཅུ་འཕར་གྲོང་ཚོ། ཇོ་མོ་ཁྲོམ་གཞུང་ཉང་ཆུ་སྡེ་ཁུལ་བཅས་སུ་ལིའུ་ཅང་གིས་འགལ་བ་དང་རྩོད་གཞི་གྲལ་བཤེར་ཐག་གཅོད་ལམ་སྲོལ་དང་། དྲ་མིག་ཅན་གྱི་དོ་དམ། མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་སྟེ་ས་གནས་ས་ཐོག་ཏུ་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་གནང་བ་རེད།
ལིའུ་ཅང་གིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ཉམས་མྱོང་ཕྱོགས་སྡོམ་ནན་ཏན་བྱེད་པ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་མཐུད་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ། “ཞིང་འབྲོག་མང་ཚོགས་ཀྱི་ཉམས་འགྱུར་གསར་པ་འཛུགས་པའི”བྱ་སྤྱོད་ལག་ལེན་གཏིང་ཟབ་བསྟར་བ་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་ཉིན་བཞིན་བདེ་སྐྱིད་ལྡན་པ་ཡོང་བར་བྱེད་དགོས།
ལིའུ་ཅང་གིས་ནན་བཤད་གནང་དོན། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་པར་ཤུགས་སྣོན་རྒྱག་པ་དང་། “གཅིག་གྱུར་གཅིག་དང་མཉམ་འགུལ་དྲུག”གི་ལམ་སྲོལ་དོན་འཁྱོལ་ཡག་པོ་བྱེད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་དང་ཏང་ཡོན་ལས་བྱེད་པའི་གདོང་ལེན་དཔུང་ཁག་གི་ནུས་པ་འདོན་པ་བཅས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ལེགས་ཆ་དང་རྩ་འཛུགས་ཀྱི་ལེགས་ཆ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་སུ་ཏན་ཏིག་འགྱུར་བ་བྱེད་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། འགལ་བ་དང་རྩོད་གཞི་སྔོན་འགོག་དང་སེལ་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཡུལ་བབ་དམངས་འདུན་ཤེས་རྟོགས་གཏིང་ཟབ་བྱེད་པ། མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། རེ་ཞུར་དོ་ཁུར་བྱེད་པ། འགལ་བ་སེལ་བ་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་འགན་འཁྲི་ནན་ཏན་སྒྲུབ་པ་བཅས་བྱས་ནས་འགལ་བ་དང་རྩོད་གཞི་གཞི་རིམ་དུ་སེལ་བ་དང་ཐོན་མ་ཐག་ནས་སེལ་དགོས། དམངས་ཆེད་ཁེ་ཕན་དོན་གཉེར་དང་། དམངས་ཆེད་བྱ་བ་སྒྲུབ་པ། དམངས་ཆེད་སེམས་ཁྲལ་སེལ་བ་བཅས་མཐའ་འཁྱོངས་བྱེད་པ་དང་། བསམ་པ་རྣམ་དག་གིས་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། མང་ཚོགས་ཀྱི་དགོས་མཁོ་མང་ཙམ་འདྲི་བ་དང་མང་ཚོགས་ཀྱི་ཁྱིམ་དུ་བཅར་འདྲིར་སྐྱོད་པ་བཅས་བྱས་ནས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་ཕན་འབྲས་ལ་བརྟེན་ནས་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་དགོས། གཞི་རིམ་གྱི་འགན་འཁྲི་ཁ་གསལ་ཡོང་བར་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་མཐའ་གཅིག་ཏུ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། གཞི་རིམ་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པར་སྐུལ་མ་གཏོང་བ་བཅས་བྱས་ནས་དོན་འཁྱོལ་ལ་དམ་འཛིན་དང་། འཕེལ་རྒྱས་ལ་སྐུལ་འདེད། བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ལ་སེམས་ནུས་དེ་བས་མང་བ་འདོན་དགོས།