ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་པ།
ཚེས་23ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱེད་པ་དང་། རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་བསམ་འཆར་ལ་ཞིབ་འཇུག ལུས་རྩལ་བྱ་གཞག་འཕེལ་རྒྱས་དང་། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན། བཟོ་ལས་ཅན་གསར་པར་སྐུལ་འདེད། ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་རྒྱུན་རྣམ་ཅན་དུ་བྱེད་པ་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨོ་རྩལ་འགྲན་ཚོགས་སྐབས་33པའི་ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད། ཝང་ཅུན་ཀྲེང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལུས་རྩལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ལུས་རྩལ་བྱ་གཞག་ལ་སྐུལ་འདེད་བཏང་བར་ཡར་རྒྱས་གསར་པ་ཟམ་མི་ཆད་པར་བྱུང་ཡོད། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་དང་ལྷག་པར་དུ་ལུས་རྩལ་ཁོངས་གཏོགས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ལུས་རྩལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གིས་ལུས་རྩལ་ལས་དོན་ལ་འགོ་འཁྲིད་བྱེད་པར་ཤུགས་སྣོན་ཏན་ཏིག་རྒྱག་པ་བཅས་བྱས་ནས་མི་དམངས་ལྟེ་བར་འཛིན་པའི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་ཞེས་གསུངས་པ་རེད།
ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེའི་ཧྲི་ཡན་ཏན་ཅང་ཁོའུ་ཆུ་མཛོད་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་དང་བླངས་པར་སྤྲིངས་པའི་འཕྲིན་ལན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད། ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བོད་ཀྱི་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ཆེ་ཤོས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་བཅས་སྐྱེ་ཁམས་ལ་གནས་ཡོད་པ་ཤེས་རྟོགས་གཏིང་ཟབ་བྱས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་སྔར་བས་བརྟན་པོ་བསྐྲུན་དགོས།
སྐྱེ་ཁམས་ཤེས་དཔལ་གྱི་དང་བླངས་ཞབས་ཞུ་རྒྱུན་རྣམ་ཅན་དུ་སྤེལ་ཏེ་སྐྱེ་ཁམས་ཤེས་དཔལ་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། དང་བླངས་ཞབས་ཞུའི་སྤུས་རྟགས་གཏོད་པ། དང་བླངས་ཀྱི་ལག་ལེན་བྱེད་སྒོ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་སྐྱེ་ཁམས་ཀྱི་འདུ་ཤེས་དང་། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས། གྲོན་ཆུང་གི་འདུ་ཤེས་བཅས་ཟབ་ཏུ་གཏོང་བར་ཁྲིད་སྟོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་ཀྱི་བཟོ་ལས་ཅན་གསར་པར་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞིར་ཞིབ་འཇུག་བྱས་པ་རེད། ཝང་ཅུན་ཀྲེང་གིས་བཟོ་ལས་ཅན་གསར་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཟབ་སྦྱོང་མཐིལ་རྟོགས་བྱེད་པ་དང་། གནད་ཆེ་དམ་འཛིན་དང་གནད་མེད་ཟུར་འཇོག་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐོག་མཐའ་བར་གསུམ་ལ་ཁྱབ་པར་བྱེད་པ། ཡུལ་བབ་དང་བསྟུན་ནས་དེང་རབས་ཐོན་ལས་མ་ལག་བསྐྲུན་པ། གཞི་ཁྱོན་ལྡན་པའི་འཕེལ་རྒྱས་ཤུགས་ཆེན་གཏོང་བ། སྤུས་ཚད་མཐོ་རུ་ཧུར་ཐག་གཏོང་བ་བཅས་བྱས་ནས། བོད་ཀྱི་དོན་དངོས་དང་མཐུན་པའི་བཟོ་ལས་ཅན་གསར་པའི་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་སྐུལ་འདེད་དེ་བས་ལེགས་པར་གཏོང་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་སྤེལ་བྱེད་པའི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཚན་རྩལ་སྒྱུར་བཅོས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིའི་བཀོད་སྒྲིག་དོན་འཁྱོལ་བཅས་བྱས་ནས་བཟོ་ལས་ཅན་གསར་པའི་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཚོགས་འདུའི་ཐོག་ལྗོངས་ཡོངས་སུ་རྒྱུན་རྣམ་ཅན་གྱི་སྒོ་ནས་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་སྤེལ་ཚུལ་གྱི་སྙན་སེང་ཉན་པ་རེད། ཝང་ཅུན་ཀྲེང་གིས་རྒྱུན་རྣམ་ཅན་གྱི་སྒོ་ནས་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་སྤེལ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ། རྒྱུན་རྣམ་ཅན་གྱི་སྒོ་ནས་ནག་སེལ་གཤེད་བཅོམ་གྱི་འཐབ་རྩོད་སྤེལ་བ། རིགས་ཁག་གི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་བཞིན་རྡུང་རྡེག་ནན་པོ་གཏོང་བ། རྩ་ལག་མཉམ་བཅོས་ལ་སྣང་ཆེན་བྱེད་པ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་རྒྱུན་མཐུད་ངང་གྲལ་བཤེར་དང་བཅོས་སྒྲིག་བྱེད་པ། ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཏེ་དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་འཛུགས་སྐྲུན་བྱ་ཆེད་བདེ་འཇགས་དང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་གཏོད་དགོས་པའི་ནན་བཤད་གནང་བ་རེད།