ཀོང་ཏུང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་ཕེབས་ནས་རྟོག་ཞིབ་དང་བཞུགས་མོལ་གནང་བ།
ཝང་ཝུའེ་ཀྲུང་དང་ལིའུ་ཅང་གིས་གསུང་བཤད་གནང་བ།
ཟླ་8ཚེས་19ནས་ཚེས་21ཉིན་བར་ཀོང་ཏུང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་ཕེབས་ནས་རྟོག་ཞིབ་གནང་བ་རེད། ཚེས་20ཉིན་གྱི་ཕྱི་དྲོར། བོད་དང་ཀོང་ཏུང་གི་ཁ་གཏད་རོགས་སྐྱོར་ལས་དོན་བཞུགས་མོལ་ཚོགས་འདུ་ཉིང་ཁྲིར་འཚོགས་པ་དང་ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་ཝང་ཝུའེ་ཀྲུང་གིས་གསུང་བཤད་གནང་བ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད།
ཝང་ཝུའེ་ཀྲུང་གིས་ཀོང་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་བོད་རང་སྐྱོང་ལྗོངས་ཀྱིས་ཡུན་རིང་ཀོང་ཏུང་གི་ལས་དོན་ལ་རྒྱབ་སྐྱོར་དང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཀོང་ཏུང་གིས་ཉིང་ཁྲིར་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་30སོང་རིང་། ལས་དོན་ཁག་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།
ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར། ཀོང་ཏུང་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཏང་ཀྲུང་དབྱང་གིས་སྤྲད་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་མཐའ་གཅིག་ཏུ་འཁུར་བ་དང་ཁ་གཏད་རོགས་སྐྱོར་ལས་དོན་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་བརྩི་བཀུར་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་དམ་པོར་དམིགས་པ་དང་རིམ་པ་ཁག་གི་སྤེལ་རེས་དང་མཉམ་འགུལ་ཕྱོགས་ཡོངས་ནས་སྤེལ་ཏེ་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དམངས་འཚོའི་བོད་སྐྱོར་དམ་འཛིན་ལྷོད་མེད་མཐའ་འཁྱོངས་བྱས་ནས་སྤྱི་པའི་ཞབས་ཞུ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མུ་མཐུད་ལེགས་སུ་གཏོང་བ། ཐོན་ལས་བོད་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་དེང་རབས་ཀྱི་ཞིང་འབྲོག་ལས་དང་། སྐྱེ་ཁམས་ཡུལ་སྐོར། ནུས་རྒྱུ་གཙང་མ་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འཕེལ་རྒྱས་ཀྱི་ནང་སྐྱེས་སྒུལ་ཤུགས་སྔར་བས་ཆེ་རུ་གཏོང་བ། རིག་སྟོབས་བོད་སྐྱོར་ལ་ཤུགས་སྣོན་རྒྱག་པ་དང་། སྨན་བཅོས་དང་སློབ་གསོའི་རོགས་སྐྱོར་དམ་འཛིན་ཡག་པོ་བྱེད་པ། ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་གྲུབ་འབྲས་གཞན་སྒྱུར་གྱི་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཤེས་ལྡན་པའི་འདེགས་སྐྱོར་སྔར་བས་ཆེ་རུ་གཏོང་བ། འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ཟབ་ཏུ་གཏོང་བ་དང་དཔལ་འབྱོར་ཚོང་དོན་དང་། ནུས་རྒྱུ། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བ་བཅས་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།
ལིའུ་ཅང་གིས་དང་ཐོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཀོང་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཧོང་ཁུན་མིང་དང་ཧྲེང་ཀྲང་ཝང་ཝུའེ་ཀྲུང་ལ་འཚམས་འདྲི་གནང་ལུགས་བརྒྱུད་བསྒྲགས་གནང་བ་དང་འབྲེལ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཀོང་ཏུང་ཞིང་ཆེན་གྱི་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་ཕེབས་ནས་རྟོག་ཞིབ་གནང་བར་དགའ་བསུ་ཞུས་པ་མ་ཟད། ཀོང་ཏུང་ཞིང་ཆེན་གྱིས་ཡུན་རིང་བོད་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཡང་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་ཕྱོགས་གཉིས་པོས་རང་སོ་སོའི་ལེགས་ཆ་བཏོན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། སློབ་གསོ་དང་ཚན་རྩལ་གྱི་ཤེས་ལྡན་པའི་སྤེལ་རེས་ཟབ་ཏུ་གཏོང་བ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་སྤེལ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ། བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་པ་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་དེ་བས་ལེགས་པའི་སྒོ་ནས་རྩོམ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།