དབུ་ཤོག>སྲིད་དོན།>འགོ་ཁྲིད་བྱེད་སྒོ།>ཡན་ཅིན་ཧའེ།
  • ཡན་ཅིན་ཧའེ་ཡིས་ཆབ་མདོར་བརྟག་ཞིབ་དང་གཞི་རིམ་གྱི་འཐབ་ས་དང་པོའི་སྨན་དོན་པར་གཟིགས་པ་དང་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-08-21

    ཚེས་19ཉིན་ནི་ཀྲུང་གོའི་སྨན་པའི་དུས་ཆེན་ཐེངས་བདུན་པ་རེད། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ཆབ་མདོ་གྲོང་ཁྱེར་དུ་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་བ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་ཚབ་ཞུས་ཏེ་གཞི་རིམ་གྱི་འཐབ་ས་དང་པོའི་སྨན་དོན་པར་གཟིགས་པ་དང་འབྲེལ་ཁོང་ཚོ་བརྒྱུད་ལྗོངས་ཡོངས་ཀྱི་རྒྱ་ཆེའི་སྨན་དོན་པར་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་པོའང་ཞུས་པ་རེད།

    དཔའ་ཤོད་རྫོང་ཡིད་ཆེན་ཤང་འཕྲོད་བསྟེན་ཁང་གི་བོད་སྨན་ཁང་དང་། ཕྱི་ལུགས་གསོ་རིག་སྨན་བཅོས་ཁང་། དྲ་རྒྱའི་སློབ་ཁྲིད་ཁང་བཅས་སུ་ཡན་ཅིན་ཧའེ་ཡིས་ཚང་མ་དང་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ་ལས་ཀ་དང་འཚོ་བའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། བོད་ལུགས་གསོ་རིག་དང་ཕྱི་ལུགས་གསོ་རིག་གི་སྨན་བཅོས་དང་སྦྲུམ་མའི་ཕྲུ་གུ་བཙའ་བ་སོགས་ཀྱི་ལས་དོན་སྤེལ་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། ཁོང་གིས“ཀྲུང་གོའི་སྨན་པའི་དུས་ཆེན”གཏན་འཁེལ་བྱས་པ་དེ་ཐོག་ནས་ཏང་ཀྲུང་དབྱང་གིས་འཕྲོད་བསྟེན་བདེ་ཐང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་རྒྱ་ཆེའི་སྨན་དོན་ལས་དོན་པར་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད། ཚང་མས་གཞི་རིམ་མང་ཚོགས་ཀྱི་དགོས་མཁོ་དང་རེ་སྒུག་ལ་དམིགས་ཏེ་ལས་སྒོ་སློབ་སྦྱོང་ཧུར་ཐག་བྱས་ནས་ཆེད་ལས་རྩལ་ནུས་མཐོ་རུ་བཏང་སྟེ་མི་དམངས་ཀྱི་ཚེ་སྲོག་བདེ་ཐང་སྲུང་སྐྱོང་བྱེད་མཁན་ཡག་པོ་ཞིག་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཡན་ཅིན་ཧའེ་ཡིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྨན་དོན་ལས་དོན་པར་དེ་བས་དོ་ཁུར་དང་གཅེས་སྐྱོང་དང་། ལས་ཀའི་ཆ་རྐྱེན་ཡག་པོ་གཏོད་པ། དོན་དངོས་གནད་དོན་ཐག་གཅོད་བྱེད་རོགས་བཅས་བྱས་ཏེ། སྨན་པར་བརྩི་འཇོག་དང་འཕྲོད་བསྟེན་ལ་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་ཧུར་ཐག་བཏོད་ནས། དུས་རབས་གསར་པའི་འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྒྱུན་ཆད་མེད་པར་རྩོམ་དགོས་པའི་ནན་བཤད་གནང་བ་རེད།

    བརྟག་ཞིབ་གནང་རིང་ཡན་ཅིན་ཧའེ་དང་བཅས་པ་ད་དུང་ཆབ་མདོའི་ཞིང་ཞོར་ཐོན་རྫས་དང་དེ་བཞིན་གྲང་ཕྲེང་མཛོད་ཉར་ཕྱོགས་བསྡུས་སྡེབ་ཚོང་ཁྲོམ་རར་ཕེབས་ནས་ཚོང་དུད་དང་ཁྲོམ་རའི་དོ་དམ་པ་དང་སྤེལ་རེས་གཏིང་ཟབ་གནང་སྟེ་ཞིང་ལས་ཐོན་རྫས་ཀྱི་རིན་གོང་དང་། ཕྱིར་ཚོང་། མཁོ་ཚོང་ཐབས་ལམ་བཅས་ཀྱི་གནས་ཚུལ་བཀའ་དྲི་ཞིབ་ཕྲ་གནང་བ་དང་ཉོ་ཚོང་ཁྲོམ་རའི་འཆར་འགོད་གཉེར་སྐྱོང་དང་། ཞིང་ལས་ཐོན་རྫས་ཐོན་ཚོང་སྦྲེལ་མཐུད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། བཟའ་བཅའི་བདེ་འཇགས་སོགས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཡན་ཅིན་ཧའེ་ཡིས་ཚོང་དུད་ལ་བོད་དུ་མ་འཇོག་ལས་དར་གྱི་གོ་སྐབས་དམ་འཛིན་དང་ཁ་དན་ཚིག་གནས་ཀྱིས་གཉེར་སྐྱོང་བྱས་ཏེ་གཟུགས་བརྙན་བཟང་པོ་དང་གཉེར་སྐྱོང་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད། ཁོང་གིས་བཟའ་བཅའི་བདེ་འཇགས་དམངས་འཚོའི་བདེ་རྩ་དང་ཐད་ཀར་འབྲེལ་བ་ཡོད་པས་ངེས་པར་དུ“ནན་ཤོས་བཞིའི”བླང་བྱ་གཞིར་བཟུང་། ཞིབ་བཤེར་དང་ནད་ཡམས་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་བཟའ་བཅའི་སྤུས་ཚད་བདེ་འཇགས་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་ལྕེ་ཐོག་གི་བདེ་འཇགས་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།