ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས།
(2024ལོའི་ཟླ་8ཚེས་13ཉིན་ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བ)
ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་2024ལོའི་ཟླ་8ཚེས་13ཉིན་ལྷ་སར་འཚོགས་པ་རེད།
ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་སུ་ཞུགས་མཁན་གྲས་སུ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་61དང་རྗེས་སྣོན་ཨུ་ཡོན་9ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་མིན་པའི་རང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་དང་། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་རྒྱུན་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན། འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་མངགས་བཅོལ་ལྟར་གནང་བའི་ལས་དོན་སྙན་སྒྲོན་གསན་པ་དང་གྲོས་བསྡུར་བྱས་ཤིང་། 《〈ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས〉ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཝང་ཅུན་ཀྲེང་གིས《ལག་བསྟར་བསམ་འཆར(གྲོས་བསྡུར་མ་ཟིན)》སྐོར་ལ་ཚང་འཛོམས་གྲོས་ཚོགས་ཐོག་གསལ་བཤད་གནང་བ་རེད།
ཚང་འཛོམས་གྲོས་ཚོགས་ཐོག་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་ཚུན་གྱི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཐའ་འཁྱོངས་བྱེད་པ་མཛུབ་ཁྲིད་དུ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་།
བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། “གཏན་འཁེལ་གཉིས”ལ་ལྷག་བསམ་ཟོལ་མེད་ངང་བརྩི་བཀུར་ཞུ་བ། “སྲུང་སྐྱོང་གཉིས”ལག་ལེན་རྣམ་དག་བསྟར་བ། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ། “དོན་ཆེན་བཞིར”དམ་པོར་དམིགས་པ། “འཛུགས་གཏོད་བཞིར”སྐུལ་འདེད་ཏན་ཏིག་གཏོང་བ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པའི་རྒྱང་ལམ་གསར་པར་གོམ་སྟབས་བརྟན་པོ་ཞིག་སྤོས་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་ཡོད།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཐད་རྩེ་རིམ་ཇུས་འགོད་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་དམ་པོར་དམིགས་ནས་དུང་བརྡ་གྲགས་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《གཏན་འབེབས》ནི་རྒྱང་ལམ་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་དང་། མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་གྱི་འོད་སྟོང་འཕྲོ་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་ཡི་གེ་དང་སྒྱུར་བཅོས་མཐར་ཕྱིན་བྱེད་པའི་སྐུལ་སློང་བཀའ་རྒྱ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་རྒྱས་བཤད་གཏིང་ཟབ་གནང་སྟེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བོད་ཀྱི་ལག་ལེན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་བ་མ་ཟད། རྩ་བའི་གཞི་འཛིན་ས་ཡང་མཁོ་འདོན་གནང་ཡོད། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་འདུ་ཤེས་དང་། སློབ་སྦྱོང་གསོ་སྦྱོང་། དྲིལ་བསྒྲགས་སྒྲོག་འགྲེལ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ། འགན་འཁྲི་འཁུར་སེམས་བཅས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཉམས་མྱོང་ནི་ལག་ལེན་ལས་བྱུང་བ་ཞིག་རེད། ང་ཚོས་སྒྱུར་བཅོས་ཟབ་གཏོང་གི་ལག་ལེན་ཁྲོད་རྩ་ཆེའི་ཉམས་མྱོང་བསགས་པས་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་སྔར་བས་ཟབ་ཏུ་ཕྱིན་ཡོད། ངེས་པར་དུ་ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱས་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱིས་བོད་ཀྱི་སྒྱུར་བཅོས་ཀྱི་སྤྱི་ཡོངས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས། ངེས་པར་དུ་མི་དམངས་ལྟེ་བར་བྱས་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས། ངེས་པར་དུ“དོན་ཆེན་བཞི”དང“འཛུགས་གཏོད་བཞིར”སྤྱི་འདོམས་བྱས་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས། ངེས་པར་དུ་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས། ངེས་པར་དུ་ཚན་རིག་དང་མཐུན་པའི་བརྟག་ཐབས་སྨྲ་བར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས་བཅས་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《ལག་བསྟར་བསམ་འཆར》གྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བརྒྱུད་རིམ་ལྡན་པའི་སྒོ་ནས་དོན་འཁྱོལ་དང་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་སྐྲུན་པར་འཐབ་ཇུས་བཀོད་སྒྲིག་བྱས་ཡོད་པས། བོད་ཀྱི་ཕྱོགས་ཡོངས་ཀྱི་སྒྱུར་བཅོས་ཟབ་གཏོང་དང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ངེས་རེད།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་བྱེད་པར་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཐའ་འཁྱོངས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གསར་པ་དང་། ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་གཏིང་ཟབ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། “མཐའ་འཁྱོངས་དྲུག”གི་རྩ་དོན་གལ་ཆེན་ལག་བསྟར། ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། “ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”གི་སྤྱིའི་བླང་བྱ་མཐའ་འཁྱོངས། “དོན་ཆེན་བཞིར”དམིགས་ནས“འཛུགས་གཏོད་བཞིར”ཤུགས་རྒྱག་པ། བསམ་བློར་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་མདུན་སྐྱོད། དམ་པ་དོན་གཉེར་བཅས་མཐའ་འཁྱོངས། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་ལ་སྔར་བས་བཅིངས་འགྲོལ་དང་འཕེལ་རྒྱས་བཏང་ནས་སྤྱི་ཚོགས་ཀྱི་གསོན་ཤུགས་འཕེལ་བར་བྱེད་པ། དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཁྲིད་སྟོན་དུ་བྱེད་པ། སྤྱི་ཚོགས་གཞུང་དྲང་དྲང་བདེན་ལ་སྐུལ་འདེད་གཏོང་བ་དང་མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱེད་པ། མ་ལག་འདུས་གྲུབ་དང་། གཙོ་གནད་འབུར་ཐོན། སྒྱུར་བཅོས་ཀྱི་ཕན་འབྲས་དངོས་བཅས་ལ་དེ་བས་གཙིགས་ཆེན་བྱེད་པ། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་བསྐྲུན་ཆེད་སྒུལ་ཤུགས་དང་ལམ་ལུགས་ཀྱི་འགན་སྲུང་ཆེན་པོ་མཁོ་འདོན་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། “དམིགས་པ་བདུན”གྱི་དམིགས་ཚད་ལས་འགན་ལ་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གིས་2035ལོར་སླེབས་སྐབས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་དེ་བས་འཐུས་སྒོ་ཚང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སྒྲིག་སྲོལ་དང་ལམ་སྲོལ་དེ་བས་འཐུས་སྒོ་ཚང་བ། སྐྱེ་ཁམས་ཤེས་དཔལ་ལམ་ལུགས་མ་ལག་དེ་བས་འཐུས་སྒོ་ཚང་བ། རྒྱལ་ཁབ་ཀྱི་མཐའ་སྲུང་འཐབ་ཇུས་འགན་སྲུང་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་འགྲོ་བ། བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་བ། རྒྱལ་ཡོངས་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བཅས་བྱས་ཏེ་དུས་རབས་འདིའི་དུས་དཀྱིལ་དུ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་ཕྱོགས་ཡོངས་ནས་སྐྲུན་ཆེད་རྨང་གཞི་བརྟན་པོ་འདིང་དགོས། 2029ལོར་སླེབས་སྐབས《ལག་བསྟར་བསམ་འཆར》ནང་བཏོན་པའི་སྒྱུར་བཅོས་ཀྱི་ལས་འགན་ཁག་ལེགས་པར་གྲུབ་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་དང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དང་བརྟན་ལྷིང་སྲུང་སྐྱོང་གི་རྒྱུན་རྣམ་གྱི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་པའི་བདེ་འཇགས་བཅོས་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་ཀའི་རྣམ་པ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་འགན་ལེན་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མགྱོགས་མྱུར་སྐྲུན་པར། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་དང་དོན་འཁྱོལ་བྱེད་པ་དང་། རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོར་ཞུགས་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དངོས་ཚན་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་གྲོང་རྡལ་དཔེ་གསར་ཅན་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་སྒྱུར་བཅོས་ཟབ་གཏོང་། དེང་རབས་ཅན་གྱི་འཁོར་རྒྱུག་གི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཁོག་དཔལ་འབྱོར་སྙོམས་སྒྲིག་དང་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ནོར་ཁྲལ་སྒྲིག་སྲོལ་སྒྱུར་བཅོས་ཟབ་གཏོང་། དངུལ་རྩའི་སྒྲིག་སྲོལ་སྒྱུར་བཅོས་ཟབ་གཏོང་། སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སྐྱེ་ཁམས་ཤེས་དཔལ་སྒྲིག་སྲོལ་སྒྱུར་བཅོས་ཟབ་གཏོང་བྱེད་པར། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་རྨང་གཞིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། དེང་རབས་ཁོར་ཡུག་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལམ་སྲོལ་འཛུགས་པ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་གང་མགྱོགས་སྐྲུན་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཏང་སྲིད་དམག་ཉེན་དམངས་བཅས་ཀྱི་མཉམ་ཤུགས་ལ་བརྟེན་ནས་མཐའ་མཚམས་བཅོས་སྐྱོང་དང་མཐའ་མཚམས་བརྟན་ལྷིང་ཡོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བར། རྒྱལ་སྲུང་སྐུལ་སློང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། མཐའ་སྟོབས་སྲིད་ཇུས་ལེགས་སྒྲིག་དང་སྒྱུར་བཅོས་འཐུས་སྒོ་ཚང་དུ་གཏོང་བ། མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་མཐའ་མཚམས་ས་ཁུལ་གང་མགྱོགས་སྐྲུན་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། སློབ་གསོ་དང་ཚན་རྩལ་ཤེས་ལྡན་པའི་སྒྲིག་སྲོལ་དང་ལམ་སྲོལ་གཞི་གཅིག་ཅན་གྱི་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བར། སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་ཟབ་གཏོང་དང་། ཚན་རྩལ་སྒྲིག་སྲོལ་སྒྱུར་བཅོས་ཟབ་གཏོང་། ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་ཟབ་གཏོང་། མི་འབོར་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཞབས་འདེགས་ཞུ་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་། མི་སེམས་གཅིག་སྒྲིལ་ལ་སྐུལ་འདེད་གཏོང་བ། ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། དམངས་འཚོ་འགན་སྲུང་དང་ལེགས་གཏོང་གི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བར། ཡོང་འབབ་བགོ་བཤའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤུས་ཚད་མཐོ་བའི་ལས་ཞུགས་སྐུལ་སྤེལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ཟབ་གཏོང་བཅས་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་རྩ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཕྱོགས་ཡོངས་ནས་ཁྲིམས་ལྟར་བོད་སྐྱོང་ལ་སྐུལ་འདེད་གཏོང་བར། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་དང་། མི་དམངས་ཀྱི་རང་ཁྱིམ་རང་བདག་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྲོས་མོལ་དམངས་གཙོའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ས་གནས་ཀྱི་ཁྲིམས་འཛུགས་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་ལྟར་སྲིད་འཛིན་ཟབ་གཏོང་། ཁྲིམས་སྒྱུར་ཁྲིམས་འཛིན་དྲང་གཞག་གི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། རིག་གནས་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་ཟབ་གཏོང་བྱེད་པར། འདུ་ཤེས་འཛིན་སྟངས་ཀྱི་ལས་ཀའི་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། རིག་གནས་ཞབས་ཞུ་དང་རིག་གནས་ཐོན་རྫས་མཁོ་སྤྲོད་ལམ་སྲོལ་ལེགས་སུ་གཏོང་བ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རིག་དངོས་དང་རིག་གནས་ཤུལ་བཞག་སྲུང་སྐྱོང་ལམ་ལུགས་དང་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དེ་བས་ནུས་པ་ཆེ་བའི་བོད་འབྲེལ་ཕྱི་ཕྱོགས་དྲིལ་བསྒྲགས་ལས་དོན་མ་ལག་འཛུགས་པ་བཅས་བྱས་ནས་རིག་གནས་ལྗོངས་སྟོབས་ཆེན་བསྐྲུན་རྒྱུར་སྐུལ་འདེད་མགྱོགས་མྱུར་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པ་དང་། ཏང་འཛུགས་སྐྱོང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྒྱུར་བཅོས་ཀྱི་ལས་འགན་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་ལ་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་ནི་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་འགག་རྩའི་དུས་སྐབས་ཤིག་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་གཅིག་འདོམས་མཐའ་འཁྱོངས་བྱེད་པ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བཅས་ལག་བསྟར་གཏིང་ཟབ་བྱེད་པ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ། སྒྱུར་བཅོས་ཟབ་གཏོང་གི་གསོན་ཤུགས་དང་གསར་གཏོད་ནུས་པ་རྒྱུན་ཆད་མེད་པར་འཕེལ་བ་བཅས་བྱས་ནས་སྒྱུར་བཅོས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོང་ལ་དམིགས་ཏེ་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། ཉེན་བརྡ་རྒྱུན་སྒྲོག་དང་དོགས་ཟོན་རྒྱུན་གནས་མཐའ་འཁྱོངས་བྱེད་པ། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། གཞི་རིམ་གྱི་བཅོས་སྐྱོང་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱེད་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དུས་ཐུང་གི་དམིགས་ཚད་དང་ཡུན་རིང་གི་དམིགས་ཚད་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་གཞི་ཁྱོན་གྱི་སྤྱི་འབོར་རྒྱུན་མཐུད་ངང་ཆེ་རུ་གཏོང་བའི་ཐད་འབད་བརྩོན་བྱེད་པ་དང་། ལེགས་ཆ་འདོན་སྤེལ་དང་ཞན་ཆ་སེལ་བའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་མཐོ་རུ་གཏོང་བར་འབད་བརྩོན་བྱེད་པ། སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་འཕེལ་རྒྱས་ཀྱི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་བར་འབད་བརྩོན་བྱེད་པ། ནང་གི་འཁོར་རྒྱུག་དང་ཕྱིའི་འཁོར་རྒྱུག་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་སྒོ་དབྱེ་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་གཏོང་བར་འབད་བརྩོན་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་ལ་ཁ་ལོ་སྒྱུར་བའི་ལས་བྱེད་པའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། དམངས་འཚོ་ལེགས་གཏོང་དང་མི་སེམས་གོང་བུ་སྒྲིལ་བར་དམིགས་ནས“དམངས་འཚོའི་འདུ་འགོད་ཆེན་པོ་བཅུ”ལག་བསྟར་གཏིང་ཟབ་བྱས་ཏེ་ལས་ཞུགས་ལས་གཏོད་རྒྱ་ཆེར་གཏོང་བ་དང་། མི་འབོར་གྱི་བྱང་ཚད་མཐོ་རུ་གཏོང་བ། བདེ་ཐང་གི་ཆུ་ཚད་མཐོ་རུ་གཏོང་བ། ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བ་བཅས་ལ་སྐུལ་འདེད་བཏང་ནས་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་དེ་བས་མང་བ་ཐོབ་པར་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་འཛུགས་པར་དམིགས་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྲུང་སྐྱོང་ཨང་དང་པོར་འཇོག་པ་མཐའ་འཁྱོངས་བྱེད་པ་དང་། སྐྱེ་ཁམས་ཤེས་དཔལ་གྱི་རྨང་གཞིའི་འགན་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། མཐའ་མཚམས་ས་ཁུལ་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གང་མགྱོགས་སེལ་བར་དམིགས་ཏེ་མི་འབོར་མཐའ་མཚམས་ས་ཁུལ་དུ་འདུ་འཛོམས་བྱེད་པར་མུ་མཐུད་སྐུལ་འདེད་གཏོང་བ་དང་མཐའ་མཚམས་ས་ཁུལ་གྱི་སྤྱི་ཡོངས་ཀྱི་དོ་དམ་ཚོད་འཛིན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་མཐའ་སྲུང་སྲ་བརྟན་དང་མཐའ་མཚམས་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུར་དམིགས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་ནི་ཏང་གི་ཆབ་སྲིད་ལམ་ཕྱོགས་དང་། བསམ་བློའི་ལམ་ཕྱོགས། མང་ཚོགས་ལམ་ཕྱོགས་བཅས་ཀྱི་རྩ་བའི་བླང་བྱ་རེད་ལ། འགོ་ཁྲིད་ལས་བྱེད་པའི་ཏང་གཤིས་དང་སྲིད་དོན་ལས་རྗེས་ཀྱི་ལྟ་བར་ཞིབ་དཔྱད་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་ཀྱང་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསམ་བློའི་འདུ་ཤེས་བསྒྱུར་བ་དང་། འཚོལ་ཞིབ་གསར་གཏོད་ལ་ལྕག་སྐུལ། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཁྱོན་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། ཕན་འབྲས་དངོས་ཐོབ་པ་བཅས་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་མིག་སྔའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གཏན་འབེབས་བཀོད་སྒྲིག་གཞིར་བཟུང་། འགན་འཁྲི་འཁུར་སེམས་དང་དགོས་གཏུག་གི་བསམ་པ་སྔར་བས་ཆེ་རུ་བཏང་སྟེ་འཕེལ་རིམ་ལ་དམ་འཛིན་དང་། སྤུས་ཚད་མཐོར་གཏོང་། ཕན་འབྲས་ཆེར་གཏོང་བཅས་ལ་འབད་བརྩོན་ཧུར་ཐག་བྱས་ཏེ་བློ་བརྟན་འགྱུར་མེད་ངང་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་བྱེད་དགོས་པའི་ནན་བཤད་བྱས་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་དམ་འཛིན་བྱས་ཏེ་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་གྲ་སྒྲིག་ནན་ཏན་བྱེད་དགོས།
ཚང་འཛོམས་གྲོས་ཚོགས་ཐོག་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་དེ་བཞིན་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་འདུ་ཤེས་གསར་བརྗེས་དང་། གསར་འབྱེད་གསར་གཏོད། ཡིད་ཆེས་བརྟན་གཏོང་། འགག་སྒྲོལ་དཀའ་སེལ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་འབད་བརྩོན་ཧུར་ཐག་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།